2025ལོར་རླངས་འཁོར་ཐོན་སྐྱེད་བྲིན་འཚོང་གི་ཟིན་ཐོ་བཏོད་པ།
སྤེལ་དུས 2026-01-19
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
སྤྱི་ཚེས་14ཉིན། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། 2025ལོར། རང་རྒྱལ་གྱི་རླངས་འཁོར་ལས་རིགས་གོང་འཕེལ་གྱི་མཉེན་ཆ་དང་གསོན་ཤུགས་ཡག་པོ་མངོན་པ་དང་། དཔལ་འབྱོར་གྱི་ཚད་གཞི་མང་པོ་ཞིག་གིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
2025ལོར། ཀྲུང་གོའི་རླངས་འཁོར་ཐོན་སྐྱེད་དང་བྲིན་འཚོང་བྱེད་ཚད་ཁྲི་3453.1དང་། ཁྲི་3440ཟིན་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོ་10.4%དང་། 9.4%འཕར་སྣོན་བྱུང་ནས་ཐོན་སྐྱེད་དང་བྲིན་འཚོང་གཉིས་ཀ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ། ལོ་17བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད། སྒུལ་ནུས་གསར་པ་མགྱོགས་མྱུར་ཕྱིར་གཏོང་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་བྲིན་འཚོང་བྱེད་ཚད་རླངས་འཁོར་ཁྲི་1600ཟིན་པའི་ནང་རྒྱལ་ནང་དུ་རླངས་འཁོར་གསར་པ་བྲིན་འཚོང་བྱེད་ཚད་50%ཟིན་ནས་རང་རྒྱལ་གྱི་རླངས་འཁོར་ཁྲོམ་རའི་གཙོ་ཁྲིད་སྟོབས་ཤུགས་ཤིག་གྲུབ་ཡོད།
ཕྱི་ཕྱོགས་ཉོ་ཚོང་ཐད། ཅུང་ཤུགས་ཆེ་བའི་མཉེན་ཆ་མངོན་པ་སྟེ། རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཁྲི་700ཟིན་ནས་ཕྱིར་གཏོང་གི་གཞི་ཁྱོན་སླར་ཡང་སྐས་རིམ་གསར་པར་སླེབས་ཡོད། དེའི་ཁྲོད། ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཁྲི་261.5ཟིན་པ་དེ་དུས་མཚུངས་དང་བསྡུར་ན་ལྡབ་གཅིག་འཕར་ཡོད།
ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། 2025ལོར། རང་རྒྱལ་གྱིས་གསར་པ་གཉིས་ཀྱི་སྲིད་ཇུས་ལ་ཤུགས་སྣོན་དང་རྒྱ་སྐྱེད་བཏང་ནས་ཁེ་ལས་ཀྱི་ཐོན་རྫས་གསར་པ་ཁྲོམ་རར་བཏོན་པ་དང་། རླངས་འཁོར་ཁྲོམ་རའི་མཐའ་སྣེའི་དགོས་མཁོ་རྒྱུན་མཐུད་བསྐངས་ནས་2025ལོར་རླངས་འཁོར་ཐོན་སྐྱེད་དང་བྲིན་འཚོང་བྱེད་ཚད་སྔོན་དཔག་ལས་བརྒལ་ཡོད། དོ་ཁུར་བྱེད་རིན་ཡོད་པ་ཞིག་ནི། 2025ལོར། སྲིད་ཇུས་ཀྱི་ཕན་པ་བཟང་བ་དང་། མཁོ་སྤྲོད་ཕུན་སུམ་ཚོགས་པ། རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ལེགས་སུ་ཕྱིན་པ་སོགས་མཐུན་རྐྱེན་མང་པོའི་ཐུན་མོང་འདེགས་སྐྱོར་འོག ནུས་རྒྱུ་གསར་པའི་རླངས་འཁོར་རྒྱུན་མཐུད་འཕར་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་བྲིན་འཚོང་བྱེད་ཚད་ལོ་11བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད།