ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

འགྱིང་ངེར་གནས་པའི་མཐའ་མཚམས་རྡོ་རིང་བཞིན། ཚེ་གང་མཐའ་སྲུང་ལས་ལ་ལེགས་སྐྱེས་འབུལ།

སྤེལ་དུས 2026-09-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
​—— ལྕང་མ་གཅིག་དང་གྲོང་ཚོ་གཅིག་གནས་སྤོ་གཅིག་བཅས་ནས་རུ་ཐོག་རྫོང་གི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་ལག་ལེན་ལ་ལྟ་བ།
འདི་ནི་བདེ་ཆེན་ཆོས་འཕེལ་དང་རེ་ཅོ་གྲོང་ཚོའི་མཐའ་སྲུང་བས་མཐའ་མཚམས་སྐོར་གཡེང་བྱེད་བཞིན་པ།
  མཚོ་མོ་ངང་ལྷ་རིང་མོ་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པ་དང་། མངའ་རིས་ས་ཁུལ་རུ་ཐོག་རྫོང་དེ་ཉིད་མཚོ་དེའི་ངོགས་སུ་ཆགས་ཤིང་། ཆ་སྙོམས་ས་བབ་སྨི་4300ཟིན་གྱི་ཡོད། མཚོ་མོ་ངང་ལྷ་རིང་མོས་དེ་གར་མི་རབས་ནས་མི་རབས་བར་འཚོ་བ་སྐྱེལ་བཞིན་པའི་མཐའ་མཚམས་མི་དམངས་གསོ་སྐྱོང་བྱེད་བཞིན་ཡོད་ལ། ཁོང་ཚོས་ཀྱང་རང་གི་ནུས་པར་བརྟེན་ནས་ས་གཞི་འདི་སྐྱོང་བཞིན་ཡོད་པ་དང་འདི་གའི་རི་ཆུ་ཀླུང་གསུམ་དང་རྩྭ་རྩི་ཤིང་ཡོད་ཚད་སྲུང་བཞིན་ཡོད།
  རེ་ཅོ་གྲོང་ཚོ་དང་། དབུས་བྱང་གྲོང་ཚོ། དུང་རུ་གྲོང་ཚོ་གསུམ་པོ་མཚོ་མོ་ངང་ལྷ་རིང་མོའི་མཐའ་འཁོར་དང་དེ་བས་ཐག་རིང་བའི་རི་ཁུག་ཏུ་ཁ་ཐོར་ངང་གནས་ཡོད། དེ་གར། མི་རྣམས་ནི་མཐའ་མཚམས་ཀྱི་རྡོ་རིང་དང་འཚོ་བ་ནི་མཐའ་མཚམས་སྲུང་སྐྱོང་རེད། “མཐའ་བརྟན་ལ་ནུས་པ་ལྡན་པ་དང་། མཐའ་དར་ལ་འདེགས་སྐྱོར་ཡོད་པ། དམངས་ཕྱུག་ལ་ཐབས་ལམ་ཡོད་པ”བཅས་ནི་མཐའ་མཚམས་མི་དམངས་ཀྱི་རྒྱུན་གཏན་གྱི་འཚོ་བ་རེད།
  རེ་ཅོ་གྲོང་ཚོ། ལྕང་མ་གཅིག་དང་མཐའ་སྲུང་ལམ་ཐིག་གཅིག
  སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀར་རེ་ཅོ་གྲོང་ཚོའི་ཏང་ཨུད་ཧྲུའུ་ཅི་བདེ་ཆེན་ཆོས་འཕེལ་གྱིས་ཏང་དར་དང་རྒྱལ་དར་མཐའ་མཚམས་སྐོར་གཡེང་རླངས་འཁོར་ཐོག་བཙུགས། “ང་ཚོ་ནི་མཐའ་མཚམས་སུ་སྡོད་མཁན་རེད་ལ། དེ་བས་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་རེད”ཅེས་ཁོང་གིས་ཐག་པ་སྡོམ་ཞོར་དུ་མཉམ་དུ་སྐྱོད་མཁན་རུ་མི་ཚོར་མངགས་ཆ་ནན་པོ་བྱས། ལོ་43ལ་སླེབས་པའི་བདེ་ཆེན་ཆོས་འཕེལ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་རེ་ཅོ་གྲོང་ཚོའི་ཡུལ་མི་ཡིན་པ་དང་ཁོང་གིས་སྐད་ཆ་དེ་ལོ་བཅུ་གྲངས་བཤད་ཡོད།
  རེ་ཅོ་གྲོང་ཚོ་ནི་མཚོ་མོ་ངང་ལྷ་རིང་མོའི་ལྷོ་ངོས་སུ་གནས་པ་དང་མཐའ་མཚམས་སྐོར་གཡེང་གི་ལས་འགན་དཀའ་ཚེགས་ཆེ་ལ་ལྕི་པོ་ཡོད། བདེ་ཆེན་ཆོས་འཕེལ་གྱིས་མཐའ་མཚམས་སུ་སྐོར་གཡེང་བྱེད་པའི་ལམ་བར་དུ“ང་ཚོའི་ངོས་ནས་བརྗོད་ན། མཐའ་མཚམས་སུ་སྐོར་གཡེང་བྱེད་པ་ནི་ལས་འགན་ཙམ་མིན་པར་ཕྱུགས་རིགས་འཚོ་བ་ལྟར་གྱི་རྒྱུན་གཏན་ལས་ཀ་ཞིག་རེད། མཐའ་མཚམས་བདེ་འཇགས་བྱུང་ཚེ་གཞི་ནས་ཚང་མ་བདེ་འཇགས་ཡོང་ཐུབ”ཅེས་སྒྲོག་འགྲེལ་བྱེད་ཀྱི་ཡོད།
  འོན་ཀྱང་། མཐའ་མཚམས་སྲུང་བར་མཐའ་མཚམས་སྲུང་མཁན་དགོས་ཤིང་། མཐའ་མཚམས་སྲུང་མཁན་དེ་གར་གཞིས་ཆགས་དགོས་ཚེ་ཐོན་ལས་ལ་བརྟེན་དགོས་ཀྱི་ཡོད། ཁོང་ཚོའི་མིག་ཟུང་འདི་ལྟར་མཐའ་མཚམས་མང་ཚོགས་དང་འདྲ་བར་དེ་གར་རྩ་བ་བརྟན་པོ་ཚུགས་པའི་མཚོ་མོ་ངང་ལྷའི་ལྕང་མར་ཕྱོགས།
  མཚོ་མོ་ངང་ལྷའི་ལྕང་མ་ནི་རུ་ཐོག་ཁོ་ནར་ཡོད་པའི་ས་མཐོའི་ལྗོན་ཤིང་གི་རིགས་ཤིག་ཡིན་པ་དང་། མཚོ་མོ་ངང་ལྷ་རིང་མོའི་མཐའ་འཁོར་དུ་སྐྱེས་པའི་དབང་གིས་མིང་དེ་ལྟར་ཐོབ། དེར་རྩ་བ་རྒྱས་པ་དང་། འདེབས་འཛུགས་བྱེད་བདེ་བ། གྲང་བཟོད་ཐུབ་པ། ཐན་པ་ཐེག་ཐུབ་པ། གསོན་ཚད་མང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། རེ་ཅོ་གྲོང་ཚོར“མཚོ་མོ་ངང་ལྷའི་ལྕང་མའི་ཕ་ཡུལ”ཞེས་བརྗོད་ཀྱི་ཡོད་མོད། འོན་ཀྱང་དུས་ཡུན་རིང་པོའི་ནང་མིང་དོན་མཚུངས་པ་ཞིག་བྱུང་མེད།
  “སྔོན་ཆད་རེ་ཅོ་གྲོང་ཚོར་སྔོ་ཁེབས་དེ་ཙམ་མེད་པ་དང་བྱེ་མས་ཁེངས་ལ་གྲོང་ཚོ་ཡོངས་སུ་ལྗོན་ཤིང་གཉིས་ཁོ་ན་ལས་མེད”ཅེས་ལོ་90ལ་སླེབས་པའི་ཀྲི་པུའུ་ཧྲུའུ་ཅི་རྒན་གྲས་ཚེ་དཔལ་གྲགས་པས་ཕྱིར་དྲན་བྱས་ནས་བཤད།
  1983ལོ་ནས་བཟུང་འགྱུར་ལྡོག་འགྲོ་འགོ་ཚུགས། ལོ་དེར་ཚེ་དཔལ་གྲགས་པས་མཚོ་མོ་ངང་ལྷ་རིང་མོའི་བྱང་ཤར་ཟུར་གྱི་མཚོ་མོ་ངང་ལྷའི་སྐྱེད་ཚལ་ནས་རྒྱ་ལྕང་གི་སྡོང་རྐང་1200དབོར་ནས་རེ་ཅོ་གྲོང་ཚོའི་བྱེ་སར་བཏབ། དེ་རྗེས་རྒྱ་ལྕང་གི་ཡལ་ག་རྒྱས་པས་གྲོང་མི་ཚོར་རེ་བ་གསར་པ་སྦྱིན་ཡོད། ལྗོན་ཤིང་རྐང་གཉིས་ནས་ལྗོན་ཤིང་1200བར་དང་དེ་ནས་ད་ཆའི་སྡོང་ཕྲུག་ར་བའི་རྒྱ་ཁྱོན་མུའུ་2500ཟིན་པའི་བར་རེ་ཅོ་གྲོང་ཚོས་ལོ་40ལྷག་ཙམ་སྤྱད་ཡོད། ཤིང་སྣ་རྒྱུན་མི་ཆད་པར་བཏབ་པ་དང་མཐའ་སྲུང་བ་མི་རབས་ནས་མི་རབས་བར་བརྗེ་པོ་བརྒྱབ་སྟེ་མི་དང་མིའི་ལས་དབང་ས་གཞི་དེའི་ཐོག་དམ་པོར་སྦྲེལ་ཡོད།
  བདེ་ཆེན་ཆོས་འཕེལ་གྱིས“ད་ཆ་སྡོང་ཕྲུག་ར་བས་ལོ་ལྟར་ཕྱི་ཕྱོགས་སུ་སྡོང་རྐང་ཁྲི་50ཡན་མཁོ་འདོན་བྱེད་ཀྱི་ཡོད། སྡོང་ཕྲུག་ནག་ཆུ་དང་གཞིས་རྩེར་བཙོངས་པ་མ་ཟད། ད་དུང་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སོགས་སྐྱེ་ཁམས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ཁྲོད་ཁྱབ་གདལ་བཏང་ཡོད”ཅེས་བཤད།
  2021ལོ་ནས་2026ལོ་བར། རེ་ཅོ་གྲོང་ཚོའི་མཚོ་མོ་ངང་ལྷའི་སྡོང་ཕྲུག་ར་བའི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་1700ལས་བརྒལ་ཡོད། 2025ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཁེ་སྤོགས་སྒོར་ཁྲི་192ལྷག་ཙམ་བགོས་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.168ཟིན་ཡོད། དྲོད་ཁང་ཆེ་མོའི་དོ་དམ་སྲུང་སྐྱོང་དང་སྡོང་ཕྲུག་སྤོ་འཛུགས་སོགས་ཀྱི་ལས་གནས་ལ་བརྟེན་ནས་མང་ཚོགས་རང་ཡུལ་དུ་ལས་ཞུགས་བརྟན་པོ་ཐུབ་ཡོད།
  ཐོན་ལས་དར་རྒྱས་བྱུང་བ་དེས་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། འཚོ་བའི་ཁོར་ཡུག་ཀྱང་ལེགས་སུ་ཕྱིན་ཡོད། གྲོང་ཚོའི་མཐའ་འཁོར་དུ་ནགས་ཁུལ་རིམ་བཞིན་ཆགས་པ་དང་རླུང་འགོག་བྱེ་འཇགས་ཀྱི་ཕན་འབྲས་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། བདེ་ཆེན་ཆོས་འཕེལ་གྱིས“སྐྱེ་ཁམས་ལེགས་སུ་ཕྱིན་པ་དང་འཚོ་བ་འབྱོར་ཕྱུག་ལྡན་པས་མི་སེམས་ཀྱང་ལྷོད་ལ་བབས་ཐུབ། གཞོན་ནུ་ཚོ་དེ་གར་སྡོད་འདོད་ཡོད་པས་མཐའ་སྲུང་དཔུང་ཁག་ལ་རྒྱུན་ཆད་མེད་པའི་རྗེས་མཐུད་སྟོབས་ཤུགས་ལྡན་ཡོད”ཅེས་བཤད།
  དབུས་བྱང་གྲོང་ཚོ། ལུག་ཚང་རེ་རེར་བརྟེན་ནས་མཐའ་མཚམས་བརྟན་པོ་སྲུང་བ།
  མཚོ་མོ་ངང་ལྷ་རིང་མོ་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཕུ་གུ་ན་ལུང་དོ་དམ་ས་ཚིགས་ཀྱི་ཁ་སྤྲོད་ནས་ལྟ་སྐབས་མཚོའི་བྱང་ངོགས་སུ་གནས་པའི་མཐའ་མཚམས་ཀྱི་དམག་བཀུར་གྲོང་ཚོ་དང་པོ་སྟེ། དབུས་བྱང་གྲོང་ཚོ་གསལ་ལ་མི་གསལ་ངང་མཐོང་གི་ཡོད།
  ལོ་71ལ་སླེབས་པའི་ཕུན་ཚོགས་བཀྲ་ཤིས་ཀྱི་གཟུགས་པོ་ཐང་པོ་ཡོད་པ་དང་མ་གཞི་ཡུན་རིང་མཐའ་མཚམས་སུ་ཕྱུགས་འཚོས་ནས་མཐའ་མཚམས་བསྲུངས་མི་ཐུབ་རུང་མཐའ་མཚམས་སུ་རྒྱལ་དར་འབྲི་བ་སོགས་ཀྱི་རྣམ་པའི་ཐོག་ནས་མཐའ་མཚམས་སྲུང་གི་ཡོད།
  ཕུན་ཚོགས་བཀྲ་ཤིས་ལྟ་བུའི་དབུས་བྱང་གྲོང་ཚོའི་ཡུལ་མི་ཚོར་བསམ་འཕེལ་ནོར་བུ་དང་དབུས་པ་ཕུན་ཚོགས་རྣམ་རྒྱལ་སོགས་མཐའ་སྲུང་དཔའ་བོའི་ཤུགས་རྐྱེན་ཟབ་མོ་ཐེབས་ནས། “ཕྱུགས་འཚོ་བ་ནི་མཐའ་མཚམས་སྐོར་གཡེང་དང་ཐོན་སྐྱེད་ནི་ལས་སྒྲུབ་ཡིན་པ”ལག་བསྟར་བྱེད་ཀྱི་ཡོད།
  ཕུན་ཚོགས་བཀྲ་ཤིས་ཀྱིས“ང་ལོ་9ནས་བཟུང་པ་ཕ་དང་མཉམ་དུ་ཕྱུགས་འཚོས་ནས་མཐའ་མཚམས་བསྲུངས་པ་ཡིན། ད་ཆ་ངའི་བུས་ཤུལ་འཛིན་གྱི་ཡོད། ང་ཚོའི་གྲོང་ཚོས་ཕྱུགས་འཚོས་ནས་མཐའ་མཚམས་སྲུང་བའི་དོན་ཆེན་དེ་ཡག་པོ་སྒྲུབ་དགོས”ཞེས་བཤད།
  སྐད་ཆ་དེ་ནི་དབུས་བྱང་གྲོང་ཚོས་དུས་རབས་གཅིག་ལྷག་ཙམ་རྒྱུན་མཐུད་བྱས་པའི་སྲོལ་རྒྱུན་ཞིག་རེད། 1902ལོར་ལོ་20ལ་སླེབས་པའི་བསམ་འཕེལ་ནོར་བུས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲོག་པའི་ཕྱུགས་རིགས་འཚོ་ས་རིམ་གྱིས་རང་ཁྱིམ་གྱི་ཕྱོགས་སུ་སྣུར་སྲིང་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད། ཁོང་གིས་ཁ་རྩོད་ཁོ་ནར་བརྟེན་ཚེ་རྩྭ་ར་སྲུང་མི་ཐུབ་པས་ངེས་པར་དུ་དེ་བས་ཏན་ཏིག་གི་བྱེད་ཐབས་ཐོག་ནས་བདག་དབང་ཁྱབ་བསྒྲགས་བྱེད་དགོས་སྙམ་ནས་ལུག་ཚང་བརྒྱབ་སྟེ་གཞིས་ཆགས་བྱས། དེ་དུས་དགུན་ཁ་ཡིན་པས་བསམ་འཕེལ་ནོར་བུས་ནང་མི་དང་མཉམ་དུ་གངས་རི་དང་ཆུ་བོ་བསྒྲལ་ནས་མཐའ་མཚམས་དང་བར་ཐག་སྤྱི་ལེ་20ཡོད་པའི་སར་ལུག་ཚང་བརྒྱབ་པ་མ་ཟད། ཁོང་ཚོའི་ཁྱིམ་ཡང་སྤྱི་ལེ་100ཡི་ས་ནས་ཚུར་སྤོས་ཏེ་དེ་གར་ལོ་50ལྷག་ཙམ་རྒྱུན་སྡོད་ཀྱིས་ལུག་ཚང་ལ་བརྟེན་ནས་མེས་རྒྱལ་གྱི་བདག་དབང་སྲུང་སྐྱོང་བྱས།
  དུས་དེ་ནས་བཟུང་། དབུས་བྱང་གྲོང་ཚོའི་མི་རྣམས་ཀྱིས་གནས་ལུགས་ཤིག་ཤེས་པ་སྟེ། མི་བསྡད་ན་གཞི་ནས་ས་ཆ་སྲུང་ཐུབ་པ་དེ་རེད།
  རྡོ་ལས་གྲུབ་པའི་ལུག་ཚང་དང་། རང་བཞིན་དུ་གྲུབ་པའི་བྲག་ཕུག ཆར་རླུང་འགོག་མི་ཐུབ་པའི་གུར། རང་ཉིད་ཀྱིས་བསྐྲུན་པའི་ས་ཕག་ཁང་པ་བཅས་སུ་ཕུན་ཚོགས་བཀྲ་ཤིས་སྡོད་མྱོང་ཡོད། དགུན་དུས་གྲང་ངར་ཆེ་བས་འབུད་ཤིང་ལ་བརྟེན་ནས་དྲོད་ཁུག་ཐབས་བྱེད་ཀྱི་ཡོད། ཁོང་གིས་བུ་བློ་བཟང་ཆོས་རྒྱལ་ལ“ད་ཆ་ང་ཚོའི་འཚོ་བ་ཡག་ལ་སྡོད་སའང་ཡག་པོ་ཡོད་པས་མཐའ་མཚམས་དེ་བས་ཡག་པོ་སྲུང་དགོས”ཞེས་སློབ་གསོ་རྒྱག་གི་ཡོད།
  མཐའ་སྲུང་སྲ་བརྟན་གྱི་ཁྲག་རྒྱུན་དེ་དབུས་བྱང་གྲོང་ཚོའི་མི་རབས་ནས་མི་རབས་བར་རྒྱུན་མཐུད་ཐུབ་ཡོད་ཅིང་། དབུས་བྱང་གྲོང་ཚོར“ལུས་འདི་མཚམས་རྡོ་བཞིན་དུ་འདོད”ཅེས་པའི་ཡིག་འབྲུ་དེ་དག་ནི་ཁྱིམ་ཚང་གཅིག་གི་དྲན་ཤེས་ཙམ་མིན་པར། དེ་ནི་གྲོང་ཚོ་གཅིག་གི་གདམ་ག་ཡིན་ལ། མི་མང་པོ་ཞིག་གིས་ལུག་ཚང་དང་། ལྕག་ཚན། ཚེ་གང་བཅས་ལ་བརྟེན་ནས་མཉམ་དུ་བཅའ་སྲུང་བྱས་པའི་མཚོན་ཚུལ་ཞིག་ཀྱང་རེད།
  དུང་རུ་གྲོང་ཚོ། གནས་སྤོ་བྱེད་ཐེངས་གཅིག་ལས་མཐའ་མཚམས་སུ་གཞིས་ཚུགས་པ།
  དབུས་བྱང་གྲོང་ཚོ་ནས་མཚོ་མོ་ངང་ལྷ་རིང་མོ་བརྒྱུད་ནུབ་བྱང་ཕྱོགས་སུ་སྤྱི་ལེ་80བསྐྱོད་ཚེ་དུང་རུ་གྲོང་ཚོའི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་སླེབས་ཀྱི་ཡོད།
  དུང་རུ་གྲོང་ཚོའི་དེ་སྔའི་གནས་ཡུལ་ནི་ས་བབ་སྨི་4500ཟིན་པའི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཡོད་ཅིང་། དེ་གར་སྔོ་ཁེབས་ཉུང་ལ་ཐོན་ལས་སྣ་རྐྱང་ཡིན། དུང་རུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡོན་ཕུང་ཤིན་གྱིས“ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་གཅིག་གི་མི་དངོས་གནས་གསོ་དཀའ་ཞིང་། མང་ཚོགས་སྲུང་སྐྱོང་ཁུལ་ནས་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱས་པས། སྐྱེ་ཁམས་སྲུང་བཅད་བརྟན་པོ་སྲུང་ཐུབ་པ་མ་ཟད། མཐའ་མཚམས་ཀྱི་འཐབ་ས་དང་པོར་བསྐྱོད་ནས་མཐའ་མཚམས་སྲུང་བཅད་བརྟན་དུ་གཏོང་ཐུབ”ཅེས་བཤད།
  བཀོད་སྒྲིག་བྱ་ཡུལ་དེ་སྔའི་གནས་ཡུལ་ལས་མཐའ་མཚམས་དང་དེ་བས་ཐག་ཉེ་བ་ཡོད་པས། བདེ་འཇགས་མཉམ་སྲུང་བ་3དང་ཡུལ་དམག་10ཡིས་ལོ་འཁོར་མོར་མཐའ་སྲུང་མཐའ་བརྟན་དང་། ཐོན་སྐྱེད། ལས་སྒྲུབ། སྐོར་གཡེང་བཅས་ནང་ཞུགས་རྒྱུར་དེ་བས་སྟབས་བདེ་བསྐྲུན་ཡོད། “གནས་སྤོ་བྱས་རྗེས་རྩྭ་ར་ལེགས་སུ་དང་། སྐོར་གཡེང་སྟབས་བདེ་རུ་ཕྱིན་པ་མ་ཟད། མི་རྣམས་ཀྱང་འཚོ་བར་རེ་བས་ཁེངས་ཡོད”ཅེས་ཕྱུག་འགྱུར་སྣེ་ཁྲིད་པ་ཚེ་རིང་དབང་འདུས་ཀྱིས་བཤད།
  བདེ་སྡོད་བྱས་རྗེས་ཐོན་ལས་སྟོབས་ཆེར་དང་འཕེལ་རྒྱས་གཏོང་རྒྱུ་ནི་གཞིས་སྲུང་མཐའ་སྲུང་གི་ཡུན་རིང་འདེགས་སྐྱོར་ཞིག་ཡིན་ཞིང་། རྫོང་དུ་དྲོད་ཁང་ཆེ་མོ་5བསྐྲུན་ནས་མཐའ་མཚམས་ཡུལ་མིར་སྔོ་ཚལ་སོས་པ་བཟའ་རྒྱུ་ཡོང་བར་བྱས་ཡོད། སྲིད་གཞུང་གིས་ད་དུང་མ་དངུལ་སྒོར་ཁྲི་750བཏང་ནས་ཁང་པའི་རྒྱབ་མདུན་དང་གྲོང་ཚོའི་ཉེ་འདབས་སུ་སྡོང་ཕྲུག་མུའུ་831བཙུགས་པ་དང་ཡུལ་མི་ཚོས་ས་ཁོད་སྙོམས་པ་དང་སྡོང་ཕྲུག་སྤོ་འཛུགས་བྱེད་པའི་ནང་ཞུགས་ཡོད། ཡོན་ཕུང་ཤིན་གྱིས“སླད་ཕྱིན་ལྗང་མྱུག་བཙོངས་པའི་ཡོང་འབབ་ཚང་མ་མི་སེར་ལ་སྤྲོད་རྒྱུ་རེད”ཅེས་བཤད།
  ཕྱུགས་འཚོ་བ་ནས་ལྕགས་ཁྱེམ་ལག་ཏུ་བཟུང་བའི་བར་ནི་ལས་སླ་པོ་ཞིག་གཏན་ནས་མིན། ཕྱོགས་གཅིག་ནས་རྫོང་གིས་ཞིང་ལས་རིགས་གཅིག་མཁས་ཅན་གདན་དྲངས་ནས་ལག་རྩལ་སློབ་ཁྲིད་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཚེ་རིང་དབང་འདུས་ལྟ་བུའི་སྔོན་ལ་ཕྱུག་པོ་ཆགས་མཁན་ཚོས་གླ་པ་བྱེད་ཞོར་དུ“ཡུལ་ཐོན་དགེ་རྒན”བྱས། “2025ལོ་ནས་བཟུང་། ལྗོན་ཤིང་བཙུགས་པ་ཁོ་ན་ལས་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་བྱུང”ཞེས་ཚེ་རིང་དབང་འདུས་ཀྱིས་བཤད་པ་དང་། ཁོང་གིས། རྩྭ་ཆུར་བརྟེན་ནས་འཚོ་བ་ནས་ལས་མང་མཉམ་དར་བྱུང་བའི་བར་འཚོ་བའི་ཐད་འབྱུང་རྩ་ནས་འགྱུར་ལྡོག་བྱུང་ཡོད་ཅེས་བཤད།
  ལྕང་མ་གཅིག་ལས་རྩ་བ་ཚུགས་པ་དང་ལུག་ཚང་ཞིག་ལ་བརྟེན་ནས་ལོ་བརྒྱ་བརྟན་སྲུང་བྱེད་པ་ནས་གྲོང་ཚོ་ཧྲིལ་པོ་ཕྱིར་བཤོལ་མི་བྱེད་པར་གནས་སྤོ་བྱེད་པའི་བར། རུ་ཐོག་བ་ཚོས་བབ་ཆགས་ཤོས་ཀྱི་བྱེད་སྟངས་ཐོག་ནས་རྒྱལ་མཚམས་ལམ་ཐིག་བརྐོས་པ་སྟེ། འགྱིང་ངེར་གནས་པའི་མཐའ་མཚམས་རྡོ་རིང་བཞིན། ཚེ་གང་མཐའ་སྲུང་ལས་ལ་ལེགས་སྐྱེས་འབུལ་ཞེས་པ་དེ་རེད། ལྗོན་ཤིང་དང་། མི། ཁྱིམ་གཞིས་བཅས་ཡོད་པ་ནི་གངས་ལྗོངས་ས་མཐོའི་མཐའ་མཚམས་བརྟན་ཤོས་ཤིག་རེད།