གཞོན་ནུ་ལོ་ཆུང་ཚོས་ལུས་སྦྱོང་བྱེད་དགོས་པའི་རེ་འབོད་བྱས་འདུག
སྤེལ་དུས 2026-11-06
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
ཚེས4ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཞིབ་འཇུག་གི་གྲངས་གཞི་གསར་ཤོས་ལ་གཞིགས་ན། རང་ལོ11ནས17བར་གྱི་གཞོན་ནུ་ལོ་ཆུང་དུང་ཕྱུར2.4ཙམ་གྱིས། གཟའ་འཁོར་གོང་མའི་ཉིན་གང་རུང་དུ་ཁོང་ཚོས་ཉུང་མཐར་ཡང་སྐར་མ60ཡི་ལུས་སྦྱོང་བྱེད་སྒོའི་ནང་ཞུགས་མེད་ཅེས་བརྗོད་ཡོད། གོ་ལ་ཧྲིལ་པོའི་གཞོན་ནུ་ལོ་ཆུང་གི་གྲངས་འབོར་གྱི14%ཡིས་ཉིན་ལྟར་ལུས་སྦྱོང་བྱེད་སྒོའི་ནང་ཞུགས་བཞིན་ཡོད།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཞིབ་འཇུག་བྱས་འབྲས་ལས་མངོན་པར། འདས་ཟིན་པའི་ལོ15ཡི་རིང་། གོ་ལ་ཧྲིལ་པོར་གཞོན་ནུ་ལོ་ཆུང་གི་ལུས་རྩལ་བྱེད་སྒོའི་ཐད་འཕེལ་རྒྱས་དེ་ཙམ་ཕྱིན་མེད་ལ་ཆུ་ཚད་ལའང་འགྱུར་ལྡོག་དེ་ཙམ་བྱུང་མེད་པ་རེད།
ཞིབ་འཇུག་ནང་བསྟན་དོན། གོ་ལ་ཧྲིལ་པོའི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་བྱེད་སྒོའི་ཆུ་ཚད་གོང་འཕེལ་འགོར་བའི་རྒྱུ་རྐྱེན་ནི་ཁེར་རྐྱང་མིན་པར་གཞོན་ནུ་ལོ་ཆུང་གི་སྡོད་གནས་དང་། སློབ་སྦྱོང་བྱེད་ཡུལ། ཕྱིར་སྐྱོད་བྱེད་སྟངས། སྤྲོ་གསེང་གི་དུས་ཚོད་བཅས་ཚང་མས་ཁོ་ཚོའི་ལུས་རྩལ་བྱེད་སྒོར་ཤུགས་རྐྱེན་ཐེབས་ཡོད། འགྲིམ་འགྲུལ་བྱེད་སྟངས་དང་། བདེ་འཇགས་ཀྱི་སྤྱི་པའི་བར་མཐོངས་ཀྱི་སྤྱོད་ཆོག་པའི་རང་བཞིན། བདེ་འཇགས་ཀྱི་རྐང་ཐང་དང་རྐང་འཁོར་བཞོན་པའི་གོ་སྐབས། སློབ་གྲྭའི་ཁོར་ཡུག དཔལ་འབྱོར་གྱི་ཐེག་ནུས། སྤྱི་ཚོགས་ཀྱི་ཚད་གཞི། དེ་བཞིན་ཉིན་བཞིན་གློག་རྡུལ་བརྙན་ཤེལ་ལ་བརྟེན་པའི་འཚོ་བ་སྐྱེལ་སྟངས་བཅས་ཚང་མས་གཞོན་ནུ་ལོ་ཆུང་ལུས་སྦྱོང་བྱེད་སྒོའི་ནང་ཞུགས་པའི་གོ་སྐབས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། འགུལ་སྐྱོད་མི་འདང་བ་ནི་སྙིང་ནད་དང་། གཅིན་སྙི་ཟ་ཁུའི་ནད། སྐྲན་ནད་ཁག་གཅིག་བཅས་འཇུ་བའི་རྒྱུ་རྐྱེན་གཙོ་བོ་ཡིན། གཞོན་ནུ་ལོ་ཆུང་ལ་ཆུང་དུས་ནས་ལུས་སྦྱོང་ནང་ཧུར་ཐག་ངང་ཞུགས་པའི་གོམས་གཤིས་འཇགས་པ་བྱ་རྒྱུ་དེ་ནི་ཁོང་ཚོའི་བདེ་ཐང་ལ་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་གཞོན་ནུ་ལོ་ཆུང་ལ་ནད་གཞི་འདི་རིགས་འཇུ་རིགས་བཀག་འགོག་ཐུབ་རྒྱུར་གལ་འགངས་ཤིན་ཏུ་ཆེན་པོ་ཡོད་ཅེས་བརྗོད་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱལ་ཁབ་ཁག་ནས་འབྲེལ་ཡོད་སྲིད་ཇུས་བཟོས་ཏེ་སློབ་གསོ་དང་། འགྲིམ་འགྲུལ། གྲོང་ཁྱེར་འཆར་འགོད། ལུས་རྩལ། འཕྲོད་བསྟེན་སོགས་ཁྱབ་ཁོངས་སུ་བྱ་སྤྱོད་དེ་བས་ནུས་ལྡན་བཟུང་སྟེ་ལུས་རྩལ་བྱེད་སྒོ་དེ་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་བག་ཕེབས་དང་། བདེ་འཇགས། སྟབས་བདེ་བཅས་ཀྱི་ཆ་ཤས་ཤིག་ཏུ་འགྱུར་བར་བྱ་དགོས་པའི་རེ་འབོད་བྱས་འདུག