ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དམིགས་བསལ་རྒན་རྒོན་ལ་བཏོན་པའི་འཚོ་བའི་རོགས་སྐྱོར་གསར་པ།

སྤེལ་དུས 2026-11-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             དམངས་སྲིད་པུའུ་དང་། རྒྱལ་ཡོངས་རྒན་རྒོན་གཞུང་དོན་ཁང་། ཀྲུང་གོ་རྒན་རྒོན་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཀྲམ་སྟེ། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་འཚམས་འདྲི་དང་གཅེས་སྐྱོང་བྱེད་པའི་ཞབས་ཞུ་དེ་གཏིང་ཟབ་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་དང་། བདེ་འཇགས་ཨང་དང་པོར་འཇོག་པ་དང་། སྤྱི་འདོམས་སྐུལ་འདེད་གཏོང་བ། ཡུལ་བབ་དང་བསྟུན་པ། ཚན་རྩལ་གྱིས་ནུས་པ་འདོན་སྤྲོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་གཅེས་སྐྱོང་བྱེད་པའི་འགན་སྲུང་དྲ་བ་མུ་མཐུད་དུ་བརྟན་པོ་བཟོ་དགོས་པའི་ནན་བཤད་བྱས་ཡོད།
             འཚམས་འདྲི་དང་གཅེས་སྐྱོང་བྱ་ཡུལ་ནི། ཁེར་སྡོད་དང་། ཁྱིམ་སྟོང་། ཤུལ་ལུས། ནུས་ཤོར། དབང་པོ་སྐྱོན་ཅན་ཚབས་ཆེན། འཆར་ལྡན་བུ་བཙའི་དམིགས་བསལ་ཁྱིམ་ཚང་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་རྣམས་ཡིན། བརྡ་ཐོའི་ནང་བདེ་འཇགས་ཀྱི་ཉེན་ཁའི་ཆེ་ཆུང་ལ་གཞིགས་ནས་འཚམས་འདྲི་བྱེད་ཐེངས་གཏན་འཁེལ་བྱས་ཤིང་། ཁེར་སྡོད་དང་། ཁྱིམ་སྟོང་། ཤུལ་ལུས་བཅས་ཀྱི་ཁྲོད་ནས་ལོ་ན་མཐོ་བ་དང་། རང་མགོ་མི་ཐོན་པ་སོགས་ཉེན་ཁ་ཅུང་ཆེ་བའི་རྒན་རྒོན་རྣམས་གཙོ་གནད་བྱ་ཡུལ་དུ་བཟུང་སྟེ། གཟའ་འཁོར་གཉིས་རེའི་ནང་མ་མཐར་ཡང་འཚམས་འདྲི་ཐེངས1བྱེད་དགོས་པ་དང་། དོན་དངོས་ཀྱི་དགོས་མཁོ་དང་བསྟུན་ནས་འདྲི་རྩད་བྱེད་ཐེངས་མང་དུ་གཏོང་ཆོག
             ཞབས་ཞུའི་སྟོབས་ཤུགས་ཐད་བརྡ་ཐོའི་ནང་ཕྱོགས་མང་མཉམ་ལས་དགོས་པའི་བླང་བྱ་བཏོན་ཡོད། ཞང་དང་གྲོང་རྡལ (ཁྲོམ་གཞུང་) དང་། གྲོང་ཚོ (སྡེ་ལྷན) ཨུ་ཡོན་ལྷན་ཁང་། རྒན་གསོའི་ཞབས་ཞུའི་སྤྱི་ཕན་རང་བཞིན་གྱི་ལས་གནས་བཅས་ལ་བརྟེན་ནས། "རྒན་རྒོན་བྱ་སྤྱོད"ཀྱི་དང་བླངས་པ་དང་། གཞི་རིམ་གྱི་རྒན་རྒོན་མཐུན་ཚོགས། རྒན་གསོའི་ཞབས་ཞུ་སྒྲིག་གཞི་སོགས་མཉམ་དུ་ཞུགས་སུ་བཅུག་སྟེ། འཚམས་འདྲི་དང་ལྟ་སྐྱོང་གི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་དགོས།
             འཚམས་འདྲི་བྱེད་སྟངས་སྣ་མང་ཅན་དུ་བཏང་སྟེ། དངོས་སུ་སྒོ་རྩར་སྐྱོད་པ་དང་། ཁ་པར་ནས་འདྲི་རྩད་བྱེད་པ། བརྙན་ལམ་ནས་ལྟ་རྟོགས་བྱེད་པ། རྒྱང་ཁྲིད་རིག་ནུས་ལྟ་ཞིབ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ། ཐོག་མར་རྒན་རྒོན་བདེ་མིན་གྱི་གནས་ཚུལ་གཏན་འཁེལ་བྱེད་པ་དང་། ཁྱིམ་སྡོད་བདེ་འཇགས་ལྡན་མིན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར། རྒན་གསོའི་ཐོན་ཁུངས་དང་སྦྲེལ་མཐུད་བཅས་བྱེད་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་དུས་མཉམ་དུ་ཆེད་ལས་ཞབས་ཞུ་སྣོན་རྒྱུ་སྟེ། རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་དོན་འཁྱོལ་ཡོང་བར་རོགས་རམ། གཅོང་ནད་དོ་དམ་དང་བདེ་ཐང་ལྟ་ཞིབ། སེམས་ཁམས་ཁྲིད་སྟོན་བཅས་ལ་གཞོགས་འདེགས། དེ་བཞིན་ལྟོ་ཆས་དང་། གཟུགས་པོ་འཁྲུ་རོགས། སྨན་བཅོས་སོགས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་དང་། ཁྱིམ་སྡོད་རྒན་རྒོན་དང་འཚམ་པའི་སྒྱུར་བཀོད་དཔྱད་དཔོག་སོགས་གནད་སྨིན་རོགས་སྐྱོར་བྱ་རྒྱུ་དེ་ཡིན།
             བརྡ་ཐོའི་ནང་དུས་མཚམས་རང་བཞིན་གྱི་དམིགས་ཚད་བཏོན་ཡོད་པ་སྟེ། 2026ལོའི་ལོ་མཇུག་ཏུ། ས་གནས་ཁག་གིས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་འཚམས་འདྲི་དང་གཅེས་སྐྱོང་བྱེད་པའི་ཞབས་ཞུ་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་རྒྱུ་དང་། 2027ལོའི་ལོ་མཇུག་ཏུ། རྫོང་རིམ་པའི་ངོས་ནས་ཞབས་ཞུ་སྒྲུབ་ཡུལ་གྱི་གསལ་ཐོ་དང་། དགོས་མཁོའི་གསལ་ཐོ། ཞབས་ཞུའི་གསལ་ཐོ་བཅས་བཟོས་ཏེ་འཚམས་འདྲིའི་དཔུང་ཁག་གི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་རྒྱུ། 2028ལོའི་ལོ་མཇུག་ཏུ། འཚམས་འདྲི་དང་གཅེས་སྐྱོང་ཞབས་ཞུ་དེ་རྒྱུན་རྣམ་ཅན་དུ་སྤེལ་ནས་ལས་ཀའི་ཕུགས་ཕན་ལམ་སྲོལ་བརྟན་པོ་ཞིག་ཆགས་པ་བྱ་རྒྱུ་བཅས་རེད།