འཛམ་གླིང་ཐོག་གི་སྐྱེ་འགྲོ་སུ་ཡིན་ཡང་རང་རང་སོ་སོར་བདག་པའི་རྨི་ལམ་གྱི་ཞིང་ཁམས་རེ་རེ་ཡོད། མི་ཚེའི་སྐས་རིམ་ཁྲོད་མཚན་གཞུང་མང་པོར་རྨིས་པའི་རྨི་ལམ་ལ་བཟང་ངན་དང་བདེ་སྡུག རིན་ཐུང་སྣ་ཚོགས་ཀྱི་ཁྱད་པར་ཡོད་ནའང་། རྨི་ལམ་ནི་རྨི་ལམ་ཏེ་དོན་དངོས་ཀྱི་འཚོ་བ་དང་རྒྱང་ཐག་འཛོལ་བས་ཁྱེད་ཀྱིས་དེ་ལ་དོ་སྣང་དེ་ཙམ་མ་བྱས་ན་ཆོག་མོད། འོན་ཀྱང་རྨི་ལམ་ཡང་ཁྱེད་ཀྱི་མི་ཚེའི་ཆ་ཤས་གལ་ཆེན་ཞིག་ཡིན་པས། ཁྱེད་ཀྱིས་དེ་དང་ལུས་སེམས་བདེ་ཐང་དབར་གྱི་འབྲེལ་བར་བསམ་གཞིག་ནན་པོ་བྱེད་དགོས།

འབྲེལ་ཡོད་གསོ་རིག་མཁས་དབང་གིས་ངོ་སྤྲོད་གནང་བར་གཞིགས་ན། རྨི་ལམ་ནི་རྒྱུན་ལྡན་གྱི་ལུས་ཁམས་སྣང་ཚུལ་ཞིག་ཡིན་ཞིང་། མཚན་མོ་མི་མང་ཆེ་བར་རྨི་ལམ་རྨི་སྲིད་མོད། འོན་ཀྱང་རྨི་ལམ་ཡོད་ཚད་བློ་ངོར་འཛིན་ཐུབ་པའི་ངེས་པ་མེད། དོན་ངོ་མར་རྨི་ལམ་ནི་གཉིད་ཁུག་པའི་གནས་སྐབས་སུ་ཀླད་ཆེན་གྱིས་ཆ་འཕྲིན་གལ་ཆེན་ཐག་གཅོད་བྱེད་པའི་མཚོན་རྟགས་ཤིག་ཡིན་ཞིང་། སྤྱིར་བཏང་དུ་གཉིད་ཀྱི་སྤུས་ཚད་ལ་གནོད་སྐྱོན་བཟོ་མི་སྲིད་པ་དང་། དེ་བས་རྨི་ལམ་ལ་དགེ་མཚན་ལྡན་པའི་ནུས་པ་མང་པོ་ལྡན་ཡོད་པ་གཤམ་གསལ་ལྟར་རེད།

1. དྲན་ཤེས་ཇེ་བརྟན་དུ་གཏོང་བ།
རྨི་ལམ་རྨི་སྐབས་ཉིན་མོའི་མྱོང་རྒྱུད་དང་སེམས་ཀྱི་དྲན་ཤེས་གོ་རིམ་སྒྲིག་པ་དང་། སྲ་བརྟན་དུ་གཏོང་བ། བསྐྱར་འཛུགས་བཅས་བྱས་ཏེ་དྲན་ཤེས་བརྟན་པོ་ཡོང་བར་རམ་འདེགས་བྱེད་ཀྱི་ཡོད།
2. སེམས་ཁམས་སྙོམས་སྒྲིག་བྱེད་པ།
རྨི་ལམ་རྨིས་པ་དེས་ཀླད་ཆེན་གྱིས་ཉིན་མོའི་མ་སྐྱིད་པའི་བསམ་ཚུལ་སེལ་བར་རོགས་རམ་ཐུབ་ནས་སེམས་ཁམས་བདེ་ཐང་ཡོང་བར་ཕན་ཐོགས་ཡོད།
3. ཤེས་རྟོགས་བསྡུ་སྒྲིལ་བྱེད་པ།
རྨི་ལམ་ནང་ཐོན་པའི་བྱ་དངོས་ནི་ཀླད་ཆེན་གྱིས་ཆ་འཕྲིན་གསར་རྙིང་བསྡུ་སྒྲིལ་བྱེད་པའི་རང་སྣང་གི་མྱོང་རོལ་ཞིག་ཡིན་ཞིང་། བརྒྱུད་རིམ་དེས་སློབ་སྦྱོང་གི་ནུས་པ་དང་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བར་གལ་འགངས་ཆེ་བའི་ནུས་པ་ཐོན་གྱི་ཡོད།

རྒྱུན་དུ་མི་མང་པོ་ཞིག་གིས་མཚན་གང་བོར་རྨི་ལམ་རྨི་རྒྱུ་མེད་པར་གཉིད་པ་ནི་གཉིད་ཡག་པོ་ཁུག་པར་ངོས་འཛིན་གྱིན་ཡོད། དེ་ནི་ནོར་འཁྲུལ་གྱི་ལྟ་བ་ཞིག་ཡིན་ཞིང་། དོན་ངོ་མར་གཉིད་ཀྱི་སྤུས་ཚད་ལ་ཤུགས་རྐྱེན་ངན་པ་བཟོ་མཁན་ནི་རྨི་ལམ་ངན་པ་དག་ཡིན། འཇིགས་སྐྲག་ཆེ་བའི་རྨི་ལམ་ངན་པས་མི་རྣམས་གཉིད་ཀྱི་བདེ་བ་ལས་དཀྲོག་སྟེ་ཡིད་སེམས་མི་བདེ་བར་གྱུར་ནས་གཉིད་ཀྱི་སྤུས་ཚད་ཇེ་ཞན་དུ་འགྲོ་གི་ཡོད། དུས་ཡུན་རིང་པོར་རྨི་ལམ་ངན་པ་རྨིས་ན་སེམས་འཚབ་དང་ཡི་མུག་གི་སེམས་ཁམས་གནས་ཚུལ་ལྷགས་ནས་སེམས་ཀྱི་ཁུར་པོ་ལྕི་རུ་འགྲོ་གི་ཡོད།
སྤྱིར་བཏང་གི་རྨི་ལམ་ལ་སེམས་ཁྲལ་བྱེད་མི་དགོས། གལ་ཏེ་མཚན་མོ་མང་པོར་འཇིགས་སྐྲག་ཆེ་བའི་རྨི་ལམ་ངན་པ་ཡང་ཡང་རྨིས་ནས་གཉིད་ཀྱི་བདེ་བ་མ་ལུས་འཕྲོག་སྟེ་ཉིན་དཀར་གྱི་ལས་ཀ་དང་འཚོ་བར་བར་ཆད་བཟོས་ན། ངེས་པར་དུ་ཆེད་ལས་སྨན་པ་བསྟེན་དགོས་པའི་དྲན་སྐུལ་ཞུ་རྒྱུ་ཡིན།
རྩོམ་སྒྲིག་པ། རིག་གྲོལ།