ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་ནས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ཞིང་དམག་གཟིགས་མཛད།

སྤེལ་དུས 2025-09-04 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་མ་ཟད་དམག་གཟིགས་དང་ལེན་ཞུ་མཁན་དམག་དཔུང་ལ་གཟིགས་ཞིབ་གནང་བ།
            ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཡོད།
            གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམག་གཟིགས་མཛད་སྒོ་གཟབ་རྒྱས་གཉེར་ཞིང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་མ་ཟད་དམག་གཟིགས་དང་ལེན་ཞུ་མཁན་དམག་དཔུང་ལ་གཟིགས་ཞིབ་གནང་ཡོད།
            ཞི་ཅིན་ཕིང་གིས། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་གཟབ་རྒྱས་ཞུ་བའི་དམིགས་ཡུལ་ནི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། སྔོན་གཤེགས་དཔའ་བོར་རྗེས་དྲན། ཞི་བདེར་གཅེས་སྤྲས། འབྱུང་འགྱུར་གསར་གཏོད་བཅས་ཆེད་དུ་ཡིན། ཀྲུང་ཧྭ་མི་རིགས་ནི་བཙན་ཤུགས་ལ་མི་སྐྲག་པ་དང་། རང་ཚུགས་དང་རང་སྟོབས་རང་སྤེལ་གྱི་རླབས་ཆེན་མི་རིགས་ཤིག་ཡིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནི་སྔ་བར་ཕྱི་གསུམ་དུ་ཏང་དང་མི་དམངས་ཀྱིས་རྦད་དེ་བློས་འགེལ་ཆོག་པའི་དཔའ་བོའི་དཔུང་སྡེ་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པ་དང་། འཇར་འགོག་གི་སྙིང་སྟོབས་རླབས་པོ་ཆེ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱེད་དགོས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཕེལ་ཕྱོགས་ནི་ལྡོག་ཏུ་མེད་པ་ཞིག་ཡིན། མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་གྱི་བླ་ན་མེད་པའི་བྱ་གཞག་རྣམ་པར་རྒྱལ་ངེས་རེད་ཅེས་ནན་སྟོན་གནང་ཡོད།
            ལི་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཞུགས་ཡོད།
            ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་ཀྱི་མཐོ་རིམ་སྐུ་ཚབ། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་བ། སྲིད་ཕྱོགས་ཀྱི་མི་སྣ་གཙོ་གྲས་ཟུར་པ་སོགས་མི་སྣ62གདན་ཞུས་ལྟར་ཚོགས་ཆེན་ལ་ཞུགས་ཡོད།
            ལོ་རྒྱུས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བློ་ལ་བརྟན་པོར་ངེས་པ་དང་། དྲང་བདེན་དང་ཞི་བདེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ། ཟླ9པའི་ཚེས3ཉིན་གྱི་སྔ་དྲོ། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་དང་། དམག་གཟིགས་མཛད་སྒོ་གཟབ་རྒྱས་གཉེར་ནས་འཛམ་གླིང་མི་དམངས་དང་ལྷན་དུ་རླབས་ཆེ་བའི་ཉིན་མོ་དེར་དྲན་གསོ་ཞུས་ཤིང་། དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་མཉམ་དུ་གཏོད་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་མ་ཟད་གཟིགས་ཞིབ་དང་ལེན་ཞུ་མཁན་དམག་དཔུང་ལ་གཟིགས་ཞིབ་གནང་ཡོད།
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཅས་ཚོགས་ཆེན་ལ་ཞུགས་ཡོད། ཕྱི་རྒྱལ་རྒྱལ་ཁབ་ཀྱི་གཙོ་བདག་དང་སྲིད་གཞུང་གི་འགོ་གཙོ། དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་ཀྱི་མཐོ་རིམ་སྐུ་ཚབ། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་བ། སྲིད་ཕྱོགས་ཀྱི་མི་སྣ་གཙོ་གྲས་ཟུར་པ་སོགས་མི་སྣ62ཚོགས་ཆེན་ལ་ཞུགས་ཡོད།
            རྒྱལ་ས་པེ་ཅིང་དུ་མེ་ཏོག་སྣ་བརྒྱས་བརྒྱན་པ་དང་། དར་ཆ་སྣ་ཚོགས་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་རྔམ་བརྗིད་ལྡན་པ་དང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནི་བརྗིད་ཉམས་ཀྱིས་ཕྱུག མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ། ངར་ལྕགས་ལས་གྲུབ་པའི་ལྕགས་རི་རིང་པོའི་བརྗོད་གཙོའི་ལྗོངས་རྣམ་འགྱིང་ངེར་བཞེངས་ཡོད་ཅིང་། མཐོ་ལྕོག14ལས་གྲུབ་པའི་སྟེགས་བུ་ཆེན་པོས1945ཞེས་པ་དང2025ཞེས་པ་མཐོན་པོར་བཏེགས་པ། ཞི་བདེའི་ཕུག་རོན14གཤོག་རྩལ་ངོམས་ནས་དགུང་སྔོན་དབྱིངས་སུ་འཕུར་ཡོད། མཁའ་དབྱིངས་ནས་མར་བལྟ་སྐབས། ཐང་ཆེན་དུ་རྒྱ་ཡིག་གི་ཡིག་འབྲུ众ཞེས་པའི་བཟོ་དབྱིབས་ཀྱི་གཟིགས་སྟེགས་བརྗིད་ཉམས་ལྷག་ཏུ་ཆེ་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་མི་དམངས་ཀུན་སེམས་གཅིག་སྒྲིལ་དང་དམངས་སེམས་གཅིག་མཐུན་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ་མཚོན་པར་བྱས་ཡོད།
            སྔ་དྲོའི་ཆུ་ཚོད8དང་སྐར་མ35ཡི་ཐོག ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་ཞུགས་པར་ཕེབས་པའི་ཕྱི་རྒྱལ་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་ལྷན་དུ་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་དུ་ཕེབས་ཡོད། ཞི་ཅིན་ཕིང་གིས་འཇར་འགོག་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མི་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་། ཁོང་ཚོར་བླ་ན་མེད་པའི་དད་གུས་མཚོན་པར་གནང་ཡོད།
            འཇར་འགོག་གི་མེ་ལྕེའི་ཁྲོད་གསར་དུ་བརྩམས་པའི་གླུ་གཞས་གྲགས་ཅན་སུང་ཧྭ་ཅང་གཙང་པོའི་ཐོག་ཞེས་པ་དང་། ཐའེ་ཧེང་ཧྲན་རི་བོའི་སྟེང་ཞེས་པ། རྨ་ཆུ་སྲུང་ཞེས་པ། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ཅེས་པ་སོགས་ཀྱི་འགྱུར་ཁུག་ཁྲོད་ཚང་མས་ཀྲུང་ཧྭ་མི་རིགས་ཀྱི་དཀའ་སྡུག་ཚད་མེད་མྱང་བའི་གསར་བརྗེའི་ལོ་ཟླར་ཕྱིར་དྲན་གནང་ཡོད།
            ཆུ་ཚོད8དང་སྐར་མ55ཐོག ཞི་ཅིན་ཕིང་སོགས་ཀྲུང་ཕྱིའི་འགོ་ཁྲིད་པ་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་གི་ཀྲུའུ་ཞི་སྟེགས་བུར་ཕེབས་པ་དང་། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་འབྲུག་སྒྲ་ལྟར་གྲགས་ཡོད།
            གློག་རྡུལ་འཆར་ཤེལ་ངོས་སུ་ཅོང་གི་བརྙན་རིས་མངོན་པ་དང་། དེ་ནས་ཅོང་སྒྲ་གྲགས་པ་དང་བསྟུན་ནས1945དང་། 1955  1965……2025བཅས་ཀྱི་ལོ་ཚིགས་ཨང་ཀི་རིམ་པ་བཞིན་མངོན་ཡོད།
            ཆུ་ཚོད9ཏག་ཏག་ལ་ཅོང་སྒྲ་གྲགས་པ་དང་བསྟུན་ནས་དྲན་གསོའི་ཚོགས་ཆེན་འགོ་ཚུགས་ཡོད།
            ཚང་མ་གུས་སྟབས་ཀྱིས་ཡར་བཞེངས་པ་དང་། མཁའ་དབྱིངས་སུ་རྟེན་འབྲེལ་མེ་སྒྱོགས་ཐེངས80བརྒྱབ་པ། རྒྱལ་དར་སྲུང་སྐྱོབ་རུ་ཁག་གི་དཔོན་དམག་གིས་སྐར་ལྔའི་དར་དམར་སྲུང་སྐྱོབ་བྱེད་བཞིན་གོམ་སྟབས་བརྟན་པོ་སྤོས་ནས། མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ནས་ཐང་ཆེན་བྱང་ངོས་ཀྱི་རྒྱལ་དར་སྒྲེང་ཁུལ་དུ་བསྐྱོད་ཡོད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཉམ་འབྲེལ་དམག་དཔུང་རོལ་ཆ་ཚོགས་པས་བརྗིད་ཉམས་ཆེ་བའི་བློས་བླངས་དམག་གི་མདུན་སྐྱོད་གླུ་དབྱངས་དཀྲོལ་བ་དང་། ཚོགས་ར་ཡོངས་ཀྱི་མི་རྣམས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་པ། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་ཤིང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།
            སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། དེ་རིང་ང་ཚོས་འདུ་འཛོམས་གཟབ་རྒྱས་བྱས་ནས། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་བའི་དམིགས་ཡུལ་ནི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། སྔོན་གཤེགས་དཔའ་བོར་རྗེས་དྲན། ཞི་བདེར་གཅེས་སྤྲས། འབྱུང་འགྱུར་གསར་གཏོད་བཅས་བྱ་ཆེད་ཡིན་ཞེས་གསུངས་ཡོད།
            ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས། རྒྱལ་ཡོངས་ཀྱི་འཇར་འགོག་དམག་འཁྲུག་ནང་ཞུགས་མྱོང་བའི་འཐབ་འཛིང་པ་རྒན་གྲས་དང་། བློ་མཐུན་རྒན་གྲས། རྒྱལ་གཅེས་མི་སྣ་དང་འཇར་འགོག་དམག་དཔོན། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་འབུལ་མཁན་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། ཀྲུང་གོའི་མི་དམངས་ཀྱིས་བཙན་འཛུལ་ལ་འགོག་རྒོལ་བྱས་པར་རོགས་སྐྱོར་དང་རོགས་རམ་གནང་མྱོང་བའི་ཕྱི་རྒྱལ་གྱི་སྲིད་གཞུང་དང་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ། དེ་རིང་གི་ཚོགས་ཆེན་ནང་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས་ཡོད།
            ཞི་ཅིན་ཕིང་གིས། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ནི་དཀའ་བ་ཚད་མེད་སྤྱད་པའི་རླབས་ཆེན་གྱི་དམག་འཁྲུག་ཅིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་སྐུལ་སློང་བྱས་ཏེ་བཙུགས་པའི་འཇར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་དར་ཆའི་འོག ཀྲུང་གོའི་མི་དམངས་ཀྱིས་ངར་ལྕགས་ལྟ་བུའི་སྙིང་སྟོབས་ལ་བརྟེན་ནས་སྟོབས་ཆེའི་དགྲ་ལས་རྣམ་པར་རྒྱལ་བར་བྱས་པ་དང་། ཤ་ཁྲག་གི་ཕུང་པོར་བརྟེན་ནས་ལྕགས་རི་རིང་པོ་བཞེངས་པར་ཉེ་རབས་ཚུན་གྱི་ཕྱི་ཕྱོགས་དགྲ་བོའི་བཙན་འཛུལ་ལ་འགོག་རྒོལ་ཁྱོན་ཡོངས་ཀྱི་རྒྱལ་ཁ་ཐེངས་དང་པོ་དེ་ཐོབ་ཡོད། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ནི་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་དམག་འཁྲུག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོའི་མི་དམངས་ཀྱིས་མི་རིགས་ཀྱི་བློས་གཏོང་ཆེན་པོར་བརྟེན་ནས། མིའི་རིགས་ཀྱི་ཤེས་དཔལ་སྐྱོབ་ཆེད་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལོ་རྒྱུས་ཀྱིས་ང་ཚོར་མིའི་རིགས་ཀྱི་ལས་དབང་ནི་སྐྱིད་སྡུག་མཉམ་མྱོང་ཡིན་པས། རྒྱལ་ཁབ་ཁག་དང་མི་རིགས་ཁག་གིས་ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། འཆམ་མཐུན་མཉམ་གནས་བྱེད་པ། སོ་སྲུང་རོགས་རེས་བྱེད་པ་བཅས་བྱས་ན། ད་གཟོད་ཐུན་མོང་གི་བདེ་འཇགས་སྲུང་སྐྱོང་ཐུབ་པ་དང་དམག་འཁྲུག་གི་འབྱུང་རྩ་མེད་པར་བཟོས་ནས། ལོ་རྒྱུས་ཀྱི་སྐྱོ་གར་བསྐྱར་དུ་མི་ཐོན་པ་བྱེད་ཐུབ་པའི་ཉེན་བརྡ་བཏང་ཡོད་ཅེས་བསྟན་གནང་ཡོད།
            ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ནི་བཙན་ཤུགས་ལ་མི་སྐྲག་པ་དང་། རང་ཚུགས་དང་རང་སྟོབས་རང་སྤེལ་གྱི་རླབས་ཆེན་མི་རིགས་ཤིག་ཡིན། སྐབས་དེ་དུས་དྲང་བདེན་དང་ངན་རུལ། འོད་སྣང་དང་མུན་ནག ཡར་ཐོན་དང་ལོག་སྤྱོད་བཅས་ཀྱི་འཆི་གསོན་ལ་ཐུག་སྐབས། ཀྲུང་གོའི་མི་དམངས་ཀྱིས་དགྲ་ལ་མཉམ་སྡང་དང་དཔའ་ངར་ཆེན་པོས་རྒོལ་ལན་སློག་ནས། རྒྱལ་ཁབ་ཀྱི་འཚོ་གསོན་ཆེད་དུ་འཐབ་འཛིང་དང་མི་རིགས་བསྐྱར་དར་གྱི་ཆེད་དུ་འཐབ་འཛིང་། མིའི་རིགས་ཀྱི་བདེན་དོན་གྱི་ཆེད་དུ་འཐབ་འཛིང་བཅས་བྱས་ཡོད། ད་ལྟ། མིའི་རིགས་ལ་སླར་ཡང་ཞི་བདེ་ཡོང་བ་བྱེད་དམ་ཡང་ན་དམག་འཁྲུག་རྒྱག་པ་དང་། སྐད་ཆ་ཤོད་རེས་བྱེད་དམ་ཡང་ན་ཁ་གཏད་དུ་ལངས་བ། མཉམ་རྒྱལ་ཡོང་བ་བྱེད་དམ་ཡང་ན་འཐབ་རྩོད་བྱེད་པ་བཅས་ཀྱི་གདམ་ག་འཕྲད་ཡོད། ཀྲུང་གོའི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་ལངས་ནས། ཞི་བདེ་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་རྒྱལ་ཁབ་ཁག་གི་མི་དམངས་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་བཞིན་ཡོད་ཅེས་ནན་སྟོན་གནང་ཡོད།
            ཞི་ཅིན་ཕིང་གིས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནི་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱིས་ཡོངས་སུ་ཡིད་རྟོན་རུང་བའི་དཔའ་བོའི་དཔུང་སྡེ་ཞིག་ཡིན། དམག་ཡོངས་ཀྱི་དཔོན་དམག་ཚོས་བླ་ན་མེད་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་བསྒྲུབ་པ་དང་། འཛམ་གླིང་གི་དམག་དཔུང་རྩེ་གྲ་འཛུགས་སྐྱོང་མགྱོགས་སུ་གཏོང་བ། རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར། མངའ་ཁོངས་ས་ཆ་ཆ་ཚང་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་པར་འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་པ་དང་། འཛམ་གླིང་ཞི་བདེ་དང་གོང་འཕེལ་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།
            ཞི་ཅིན་ཕིང་གིས། དུས་རབས་གསར་པའི་རྒྱང་ལམ་གསར་པར་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ། འཇར་འགོག་གི་སྙིང་སྟོབས་རླབས་པོ་ཆེ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། དཀའ་སྤྱད་འབད་འཐབ་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
            ཞི་ཅིན་ཕིང་གིས་མཇུག་ཏུ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཕེལ་ཕྱོགས་ནི་ལྡོག་ཏུ་མེད་པ་ཞིག་ཡིན། མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་གྱི་བླ་ན་མེད་པའི་བྱ་གཞག་རྣམ་པར་རྒྱལ་ངེས་རེད་ཅེས་ནན་སྟོན་གནང་ཡོད།
            ཞི་ཅིན་ཕིང་གིས་གསུང་བཤད་གནང་མཇུག་སྒྲིལ་རྗེས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་ཡོད།
            ཆུ་ཚོད9དང་སྐར་མ15ཡི་ཐོག དམག་གཟིགས་མཛད་སྒོ་འགོ་ཚུགས་པ་དང་། དཔེ་དམག་རང་གནས་སུ་འཁོད་ཡོད། དམག་དཔུང་རོལ་ཆ་ཚོགས་པས་དམག་གཟིགས་མཛད་སྒོའི་དུང་བརྡ་བཏང་། ཞི་ཅིན་ཕིང་ཧུང་ཆི་རྟགས་ཅན་གྱི་གཟིགས་ཞིབ་རླངས་འཁོར་ལ་བཞུགས་ཤིང་ཅིན་ཧྲུའེ་ཟམ་པ་བརྒྱུད་ནས་ཁྲང་ཨན་ཁྲོམ་ལམ་ཕྱོགས་སུ་ཕེབས། དམག་གཟིགས་སྤྱི་ཁྱབ་བཀོད་འདོམས་པ་ཧན་ཧྲེང་ཡན་གྱིས་དམག་གཟིགས་དང་ལེན་བྱེད་མཁན་དམག་དཔུང་གིས་རུ་སྟར་བསྒྲིགས་ཚར་བ་སྙན་སེང་ཞུས་པ་དང་། ཞི་ཅིན་ཕིང་གིས་གཟིགས་ཞིབ་འགོ་འཛུགས་རྒྱུའི་བཀའ་བཏང་གནང་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དར་བཅས་གཟིགས་ཞིབ་དང་ལེན་བྱེད་མཁན་དམག་དཔུང་གི་ཆེས་མདུན་ངོས་སུ་ཡོད་པ་དང་། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་ཏང་དར་དང་། རྒྱལ་དར། དམག་དར་བཅས་ཀྱི་མདུན་དུ་ཕེབས་ཏེ་དར་ཆར་སྤྱན་གཟིགས་གུས་འདུད་ཞུས་གནང་ཡོད།
            རྔམ་བརྗིད་ལྡན་པའི་དམག་དཔུང་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་ཡངས་ཤིང་རྒྱ་ཆེ་བའི་ཁྲང་ཨན་ཁྲོམ་གཞུང་བརྒྱུད་རྐང་ཐང་རུ་སྟར13དང་། དམག་དར་རུ་སྟར1སྒྲིག་ཆས་རུ་སྟར22བཅས་ལ་རིམ་པས་བཞིན་གཟིགས་ཞིབ་གནང་བ་དང་། གཟིགས་ཞིབ་དང་ལེན་བྱེད་མཁན་དཔུང་སྡེ་རྣམ་འགྱུར་སྒམ་བརླིང་དང་དཔའ་ཉམས་ཀྱིས་ཕྱུག་ཅིང་། གོ་མཚོན་འཐབ་འཁོར་གྲལ་སྟར་འགྲིག་ཅིང་རྔམ་བརྗིད་དང་ལྡན།  འདི་ནི་མི་དམངས་དམག་དཔུང་གིས་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བར་ཕྱོགས་པའི་རྣམ་པ་གསར་རྐྱང་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱིས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་འགྱུར་མེད་བསྒྲགས་གཏམ་ཞིག་ཀྱང་ཡིན
            “བློ་མཐུན་ཚོ།”  “སྐུ་ཁམས་བཟང་།”  “བློ་མཐུན་ཚོ།”  “སྐུ་ལས་ཁག་སོང་།” ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲིས་དམག་མིའི་ངར་ཤུགས་འཕེལ་བར་བྱས།  “ཀྲུའུ་ཞི་མཆོག” “སྐུ་ཁམས་བཟང་།” “མི་དམངས་ལ་ཞབས་འདེགས་ཞུ།” དམག་གཟིགས་དང་ལེན་ཞུ་མཁན་དཔོན་དམག་ཚོ་དཔའ་ཉམས་ཀྱིས་ཕྱུག་ཅིང་སྐད་གསང་མཐོ་བའི་ལན་ཆ་ལྷང་ལྷང་དུ་གྲགས། ཞི་ཅིན་ཕིང་གཟིགས་ཞིབ་རླངས་འཁོར་ལ་བཞུགས་ནས་གནམ་བདེ་སྒོ་མོ་ཆེར་ཕྱིར་ཕེབས་གནང་སྐབས། གཟིགས་ཞིབ་དང་ལེན་ཞུ་མཁན་དཔོན་དམག་ཚོས་མཉམ་དུ་དམག་དཔུང་སྟོབས་ཆེར་གཏོང་བའི་འབོད་ཚིག་སྟེ།“ཏང་གི་བཀོད་འདོམས་ལ་ཉན། གཡུལ་ལས་རྒྱལ་བར་བྱེད། སྤྱོད་ཚུལ་བཟང་པོ་སྐྱོང་།” “དྲང་བདེན་རྣམ་པར་རྒྱལ་བར་ངེས། ཞི་བདེ་རྣམ་པར་རྒྱལ་བར་ངེས། མི་དམངས་རྣམ་པར་རྒྱལ་བར་ངེས།” ཆེས་སྐད་གསང་མཐོ་བའི་མགྲིན་དབྱངས་ཀྱིས། ཆེས་རྔམ་བརྗིད་ལྡན་པའི་དམ་ཚིག་བསྒྲགས།
            གཟིགས་ཞིབ་གནང་གྲུབ་རྗེས། ཞི་ཅིན་ཕིང་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་ཏུ་ཕེབས་ཡོད།
            ཆུ་ཚོད9དང་སྐར་མ44ཡི་ཐོག མཁའ་དབྱིངས་དར་སྲུང་སྐས་རིམ་རུ་སྟར་སྔོན་ལ་ཐོན་ནས་དམག་གཟིགས་ཀྱི་དམག་རིགས་རྣམ་འབྱེད་འགོ་ཚུགས་ཡོད། ཐད་འཕུར་གནམ་གྲུ3གྱིས་ཁག་སོ་སོར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དར་བཅས་འཕྲེད་ལ་དཔྱང་ནས་མདུན་དུ་འཕུར་བ་དང་། ཐད་འཕུར་གནམ་གྲུ26གིས་ཨང་ཀི"80"ཡི་བཟོ་དབྱིབས་ཆེན་པོ་གྲུབ་པར་བྱས་ཡོད་པ། ཐད་འཕུར་གནམ་གྲུ3གྱིས་ཁག་སོ་སོར་“དྲང་བདེན་རྣམ་པར་རྒྱལ་བར་ངེས། ཞི་བདེ་རྣམ་པར་རྒྱལ་བར་ངེས། མི་དམངས་རྣམ་པར་རྒྱལ་བར་ངེས”ཞེས་འཁོད་པའི་དར་དཔྱང་འཕྲེད་ལ་དཔྱང་ནས་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་མཁའ་དབྱིངས་ནས་འཕུར་ཡོད།
            ཐེངས་འདིའི་དམག་གཟིགས་ཁྲོད་ཁྱོན་བསྡོམས་རུ་སྟར45ཡིས་གཟིགས་ཞིབ་དང་ལེན་ཞུས་པ་དང་། གོ་མཚོན་སྒྲིག་ཆས་མང་ཆེ་བ་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་ཞིང་། འཇར་འགོག་དཔའ་བོའི་དམག་དཔུང་གི་སྙིང་སྟོབས་རྒྱུན་འཛིན་གང་ལེགས་བྱས་པ་མཚོན་པ་དང་། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་ཉམས་འགྱུར་གསར་པ་དང་། སྟོབས་ཤུགས་གྲུབ་གཞིའི་བཀོད་སྒྲིག་གསར་པ། དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་གསར་པ། དམག་གྲབས་དམག་རྒྱག་གི་ཕན་འབྲས་གསར་པ་བཅས་གང་ལེགས་མཚོན་པར་བྱས་ཡོད།
            དམག་དཔུང་རུ་སྟར་སྒྲིག་པ་རྔམ་བརྗིད་རབ་ཏུ་ཆེ། གཟབ་སྦྲེང་རུ་སྟར་གྱིས་ཏང་དར་དང་། རྒྱལ་དར། དམག་དར་བཅས་མཐོན་པོར་བསྒྲེངས་ནས་ཤར་ཁྲང་ཨན་ཁྲོམ་ལམ་བརྒྱུད་དེ་གོམ་ཞེང་ཆེན་པོས་མདུན་དུ་ཡོང་བ་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་མི་དམངས་དམག་དཔུང་ནི་ནམ་ཡང་རྒྱལ་ཁབ་སྲུང་སྐྱོང་བྱེད་མཁན་དང་། ནམ་ཡང་སྤྱི་ཚོགས་རིང་ལུགས་སྲུང་སྐྱོང་བྱེད་མཁན། ནམ་ཡང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་མཁན་བཅས་ཡིན། མི་དམངས་དམག་དཔུང་ལ་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱས་རྗེས་རྣམ་པ་གསར་པའི་དམག་རིགས་ཀྱི་གྲུབ་གཞིའི་གནས་སྟངས་ཆགས་ཡོད་ཅིང་། དམག་རིགས4དང་། དཔུང་རིགས4 དྲག་ཆས་ཉེན་རྟོག་དཔུང་སྡེའི་རུ་སྟར་བཅས་ཀྱིས་ཐེངས་དང་པོར་དམག་རིགས་སོ་སོའི་དམག་དར་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དར་ཆ་འཁྱེར་ནས་གཅིག་སྡུད་ཐོག་ཐོན་ཡོད། སྐམ་དམག་གི་རུ་སྟར་དང་། མཚོ་དམག་རུ་སྟར། མཁའ་དམག་རུ་སྟར། མེ་ཤུགས་འཕུར་མདའི་དམག་དཔུང་གི་རུ་སྟར་བཅས་གཟི་རྔམ་རབ་ཏུ་ཆེ་ཞིང་། ངར་ལྕགས་ཀྱི་ལྕགས་རི་རིང་པོ་ལྟ་བུའི་དུས་རབས་ཀྱི་ཉམས་འགྱུར་མངོན་པ་དང་། དམག་དོན་མཁའ་སྐྱོད་དཔུང་སྡེའི་རུ་སྟར་དང་། དྲ་རྒྱའི་བར་སྟོང་དཔུང་སྡེའི་རུ་སྟར། ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་རུ་སྟར། མཉམ་འབྲེལ་རྒྱབ་ཕྱོགས་འགན་སྲུང་དཔུང་སྡེའི་རུ་སྟར་བཅས་དཔའ་ཉམས་རབ་ཏུ་ཆེ་ཞིང་། བསྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་རྣམ་པ་གསར་པ་མཚོན་ཡོད། དྲག་ཆས་ཉེན་རྟོག་དཔུང་སྡེའི་རུ་སྟར་དཔའ་ཉམས་རབ་ཏུ་རྒྱས་ཤིང་། ལྷག་བསམ་རྣམ་པར་དག་པའི་སྲུང་དམག་གི་ལས་འགན་དང་འགན་འཁྲི་མངོན་ཡོད། གྲ་སྒྲིག་དམག་ཞབས་དཔུང་སྡེའི་རུ་སྟར་དང་ཡུལ་དམག་རུ་སྟར་བརྗིད་ཉམས་ཆེ་ཞིང་། རྒྱལ་སྲུང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་གི་དུས་རབས་ཀྱི་ཉམས་སྣང་མངོན་པ་དང་། ཞི་སྲུང་དཔུང་སྡེའི་རུ་སྟར་གྱི་གོམ་སྟབས་ཤུགས་ཀྱིས་ཁེངས་ཤིང་། ཀྲུང་གོའི་དམག་དཔུང་གིས་ལག་ལེན་ལ་བརྟེན་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་མཚོན་ཡོད།
            དམག་དར་ལྷབ་ལྷུབ་ཏུ་གཡོ་ཞིང་། ལྕགས་འཁྲབ་འཁོར་ལོ་ལྡིར་སྒྲ་དང་བཅས་མདུན་དུ་སྐྱོད། འཇར་འགོག་དཔའ་བོའི་དཔེ་བཟང་དཔུང་སྡེའི་གཟི་བརྗིད་དར་ཆ་བརྒྱད་ཅུ་ལས་གྲུབ་པའི་དམར་དར་རུ་སྟར་གྱིས་ལོ་རྒྱུས་ཀྱི་གཟི་བརྗིད་བསྣམས་ནས་རྔམ་བརྗིད་ལྡན་པའི་ངང་མདུན་དུ་སྐྱོད། དཔའ་བོའི་དར་ཆ་དང་། རྒྱལ་ཁའི་དར་ཆ། ཇི་སྲིད་བར་དུ་གནས་པའི་དར་ཆ་དེ་དག་གིས་མི་དམངས་དམག་དཔུང་ཞུམ་མེད་མདུན་སྐྱོད་བྱ་རྒྱུར་སྐུལ་མ་ཐེབས་བཞིན་ཡོད། སྒྲིག་ཆས་རུ་སྟར་གྱིས་སྐམ་ཐོག་དམག་འཐབ་ཚོགས་པ་དང་། མཚོ་ཐོག་དམག་འཐབ་ཚོགས་པ། མཁའ་ཟོན་མེ་ཤུགས་འཕུར་མདེལ་འགོག་བྱེད་ཚོགས་པ། ཆ་འཕྲིན་དམག་འཐབ་ཚོགས་པ། མི་མེད་དམག་འཐབ་ཚོགས་པ། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཚོགས་པ། འཐབ་ཇུས་རྡུང་རྡེག་ཚོགས་པ་བཅས་ཁག་བགོས་ངང་མདུན་སྐྱོད་བྱས་ནས་དམག་གཟིགས་དང་ལེན་ཞུས་ཡོད། དཔེ་གསར་ཅན་གྱི་ཐན་ཁེ་དང་། མི་མེད་རིག་ནུས། དྲ་གློག་དམག་འཐབ། ཚད་བརྒལ་སྒྲ་རླབས། མཁའ་ཟོན་མེ་ཤུགས་འཕུར་མདེལ་འགོག་བྱེད། འཐབ་ཇུས་མེ་ཤུགས་འཕུར་མདེལ་སོགས་འཇར་འགོག་དམག་འཁྲུག་དུས་སྐབས་ཀྱི་ཆ་རྐྱེན་ཞན་པའི་གོ་མཚོན་ནས་ད་ལྟའི་དཔེ་གསར་ཅན་གྱི་དམག་འཐབ་སྟོབས་ཤུགས་བར། རྒྱལ་ཐོན་ད་སྤྱོད་ཀྱི་གཙོ་འཐབ་སྒྲིག་ཆས་དང་འཐབ་ཇུས་གོ་མཚོན་ལྕི་གྲས་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་མདུན་ནས་གཅིག་མཇུག་གཉིས་མཐུད་ངང་མདུན་སྐྱོད་བྱས་པའི་ཐོག་ནས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། འཛམ་གླིང་གི་ཞི་བདེར་སྲུང་སྐྱོང་བརྟན་པོ་ལྕགས་ལྟར་མཁྲེགས་པའི་བློ་སྟོབས་དང་སྟོབས་ཤུགས་ཆེན་པོ་མངོན་ཡོད།
            དམག་འཐབ་གནམ་གྲུས་འུར་སྒྲ་དང་བཅས་མཁའ་དབྱིངས་སུ་རིམ་པས་འཕུར། ཉེན་ཟོན་བཀོད་འདོམས་གནམ་གྲུ་དང་། དམིགས་བསལ་དམག་འཐབ་གནམ་གྲུ། སྐྱེལ་འདྲེན་གནམ་གྲུ། འབར་གཏོར་དམག་འཐབ་གནམ་གྲུ། སྣུམ་སྣོན་གནམ་གྲུ། རྒོལ་གཏོར་གནམ་གྲུ། གྲུ་འབབ་གནམ་གྲུ་སོགས་མཁའ་དབྱིངས་རུ་སྟར་གྱིས་གོ་རིམ་བཞིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་མཁའ་ཐོག་ནས་འཕུར་ཡོད་པ་དང་། དམག་གཟིགས་དང་ལེན་ཞུ་བའི་ཉེན་ཟོན་མྱུལ་ཞིབ་དང་། རྒྱང་ཚོར་རྒོལ་རྡུང་། མཁའ་དབྱིངས་དམག་འཐབ། འཐབ་ཇུས་གཏོང་སྤྲོད། རོགས་སྐྱོར་འགན་ལེན་སོགས་ཀྱི་གནམ་གྲུས་མ་ལག་དང་ལྡན་པའི་སྒོ་ནས་རང་དམག་གི་མགྱོགས་མྱུར་སྟོབས་ཆེར་ཕྱིན་པའི་མཁའ་ཐོག་དམག་འཐབ་ཀྱི་ནུས་པ་མངོན་ཡོད། རྩལ་སློབ་པའི་གནམ་གྲུའི་རུ་སྟར་གྱིས་ཚོན་ཁྲ་ཅན་གྱི་དུ་བ14འཐེན་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ14ཡི་རིང་བསྟོད་པར་འོས་པའི་འཇར་འགོག་བརྒྱུད་རིམ་ཤུགས་སུ་བསྟན་ཡོད་ཅིང་། ཀྲུང་གོའི་མི་དམངས་དུང་ཕྱུར14ལྷག་གིས་རྒྱལ་ཁབ་སྟོབས་ཆེན་དང་བསྐྱར་དར་གྱི་འོད་སྣང་ལྡན་པའི་ཕྱོགས་སུ་སྐྱོད་པའི་མདུན་ལྗོངས་མཚོན་པར་བྱས་ཡོད།
            ཞི་ཅིན་ཕིང་སོགས་ཀྲུང་ཕྱིའི་འགོ་ཁྲིད་མི་སྣས་དགའ་བསུ་ཡང་ཡང་ཞུས་གནང་ཞིང་། ས་ཡུལ་དངོས་སུ་ཡང་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲས་ཁེངས་ཡོད།
            ཞི་བདེའི་ཕུག་རོན་ཁྲི་བརྒྱད་མཁའ་དབྱིངས་སུ་བཏང་བ་དང་། ལྒང་ཕུ་ཁྲི་བརྒྱད་མཁའ་དབྱིངས་སུ་གློད་ཡོད། མེས་རྒྱལ་ལ་བསྟོད་གླུ་ལེན་ཞེས་པའི་ངར་ཤུགས་སྐྱེད་པའི་རོལ་དབྱངས་ཐང་ཆེན་ཡོངས་སུ་གྲགས་ཡོད། ཞི་ཅིན་ཕིང་སོགས་ཀྱིས་ལས་རིགས་ཁག་གི་མང་ཚོགས་ལ་གུས་ལན་ཡང་ཡང་གནང་བ་དང་། ཐང་ཆེན་ཕྱི་ནང་ཀུན་ལ་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས་ཡོད།
            ཚོགས་ཆེན་ལ་དུས་ཡུན་ཆུ་ཚོད་གཅིག་དང་སྐར་མ་ཉི་ཤུ་རྩ་དྲུག་འགོར་བ་དང་། སྔ་དྲོའི་ཆུ་ཚོད10དང་སྐར་མ26ཐོག་རྒྱལ་ཁའི་ངང་མཇུག་འགྲིལ་ཡོད
            ཚོགས་ཆེན་འགོ་མ་ཚུགས་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཏོན་མོན་ཕྱི་རོལ་གྱི་ཐང་ཆེན་དུ་ཚོགས་ཆེན་ལ་ཞུགས་པར་ཕེབས་པའི་ཕྱི་ཕྱོགས་ཀྱི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་ཁོང་ཚོའི་སྐུ་ཟླར་བསུ་བ་ཞུས་པ་མ་ཟད། ཁོང་ཚོ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་ཡོད།
            ཚོགས་ཆེན་ལ་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་གྲས་སུ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། བྱང་ཁོ་རེ་ཡ་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན། ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧ་མུའུ་ཉི། ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེའང་ཆང་། ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལ་པོ་ཝོ། མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ། ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི། ནེ་པ་ལའི་ཙུང་ལི་ཨའོ་ལི། མར་ཏི་ཝེའི་ཙུང་ཐུང་མུའུ་དབྱི་ཙི། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁེ་ཡེ་ཧྥུ། ཨུ་ཟེ་བྷེ་ཁེ་སི་ཐན་གྱི་ཙུང་ཐུང་མེར་ཅེ་ཡུའེ་ཡེ་ཧྥུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུ། ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུ། བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁེ་ཧྲེན་ཁོ། ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལེ་ཡེ་ཧྥུ། ཡ་མེ་ཉི་ཡའི་ཙུང་ལི་ཕ་ཧྲེ་ཉི་དབྱང་། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཞི་ཅི་དབྱང་། ཁོང་ཀོ་པུའི་ཙུང་ཐུང་ས་སུའུ། ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ། སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཅི་ཆི། སི་ལུའོ་ཝ་ཁེའི་ཙུང་ལི་ཧྥེ་ཙུའོ། ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི་ཁ་ནའེ་ཨེར། འབར་མའི་ལས་ཚབ་ཙུང་ཐུང་རྨིན་ཨེང་ལའེ། ལྷོ་ཁོ་རེ་ཡའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཡུས་ཡོན་ཀྲེ། ཐི་མོར་ཤར་མའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཧྥེ་ཨེར་ནན་ཏ། ཝེ་ནེ་ཙུའེ་ལའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ལུའོ་ཏེ་ལི་ཀེ་སི། སིང་ཀ་ཕོར་གྱི་ཙུང་ལི་གཞོན་པ་ཡན་ཅིན་ཡུང་། ཨེ་ཅེབ་ཙུང་ཐུང་གི་ཆེད་བསྐོས་ཕོ་ཉ། ཙུང་ལི་གཞོན་པ་ཝ་ཆིར། པུར་ཀ་རི་ཡ་སྲིད་གཞུང་གི་ཙུང་ལི་གཞོན་པ། སྤྱི་ཚོགས་ཏང་གི་ཀྲུའུ་ཞི་ཀྲ་ཧྥེ་ལུའོ་ཧྥུ། ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན་གྱི་སྐུ་ཚབ། ཕྱི་འབྲེལ་པུའུ་ཀྲང་ཧྥེ་ཏན། ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན་གྱི་སྐུ་ཚབ། ནུས་ཁུངས་དང་རང་བྱུང་ཐོན་ཁུངས་པུའི་པུའུ་ཀྲང་པ་དབྱི་ལ་ཁེ་ཐར། པར་ཙིར་ཙུང་ཐུང་གི་དབུ་ཞུགས་དམིགས་བསལ་བློ་འདྲི་ཨ་མོ་ལིན། པར་ཙིར་སྲིད་གཞུང་གི་སྐུ་ཚབ། ཀྲུང་གོར་བཅར་སྡོད་པར་ཙིར་གཞུང་ཚབ་ཆེ་མོ་ཀའོ་ཝང་། ནི་ཁ་ར་ཀྭ་སྲིད་གཞུང་གི་སྐུ་ཚབ། ཙུང་ཐུང་གི་བློ་འདྲི་ལའོ་ལེ་ཡ་ནུའོ། ཧང་ག་རི་སྲིད་གཞུང་གི་སྐུ་ཚབ། ཕྱི་འབྲེལ་དང་ཕྱི་ཕྱོགས་དཔལ་འབྱོར་པུའི་པུའུ་ཀྲང་ཞི་ཡ་ཨེར་ཏུའོ། པུ་རུ་ནེ་རྒྱལ་པོ་ཚང་གི་དྲག་ཆས་དཔུང་སྡེའི་དམག་སྤྱི་ཧ་ཀྲ་དབྱི་སྨི། བྷང་ག་ལའི་གནས་སྐབས་སྲིད་གཞུང་གི་སྐུ་ཚབ། རྒྱལ་ཁབ་བདེ་འཇགས་བློ་འདྲི་ལ་ཧོ་མན། ཡོ་རོབ་གྲོས་ཚོགས་ཁང་གི་གྲོས་མི་ཏུའོ་སི་ཐར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ལི་ཅུན་ཧྭ། མཉམ་འབྲེལ་རྒྱལ་ཚོགས་འབྲུ་ཞིང་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་བྱ་ཆུས་ཏུང་ཡུས། གསར་སྤེལ་དངུལ་ཁང་གསར་པའི་འགོ་འཛིན་ལུའོ་སའེ་ཧྥུ། ཨ་ཤེ་ཡའི་རྨང་གཞིའི་སྒྲིག་ཆས་མ་འཇོག་དངུལ་ཁང་གི་འགོ་འཛིན་ཅིན་ལི་ཆུན། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་དྲུང་ཆེ་ཡེར་མེ་ཁེ་པ་ཡེ་ཧྥུ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ས་ཁུལ་གྱི་འཇིག་སྐུལ་ངོ་རྒོལ་ལས་ཁུངས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲར་ཧྲེ་ཡེ་ཧྥུ། ཨ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱེད་ཐབས་གྲོས་ཚོགས་ཀྱི་དྲུང་ཆེ་ས་ལེ་པའེ། རང་བཙན་རྒྱལ་ཁབ་མཉམ་འབྲེལ་གྱི་དྲུང་ཆེ་ལེ་པེ་ཅེ་ཧྥུ། མཉམ་སྡེབ་བདེ་འཇགས་ཆིངས་ཡིག་སྒྲིག་འཛུགས་ཀྱི་དྲུང་ཆེ་ཐ་སི་མ་ཅ་མུའུ་པེ་ཐུའོ་ཧྥུ། ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ས་ཅིན་ཐ་ཡེ་ཧྥུ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཅིའུ་ཧྲན་ཡིའུ་ཅི་ཧྥུ། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་དང་ནོར་སྲིད་པུའུ་ཀྲང་གཅིག་ལྕོགས་ཟུར་པ་མའོ་ལེར། པེར་ཀྲེམ་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ལེ་ཐེ་མུའུ། ཀེ་རི་སིའི་ཙུང་ལི་ཟུར་པ་ཕ་ཕན་ཏེ་ལི་ཨོའུ། དབྱི་ཐ་ལིའི་ཙུང་ལི་ཟུར་པ་ཏ་ལའེ་མ། རོ་མ་ནི་ཡའི་ཙུང་ལི་ཟུར་པ་ནཱ་སི་ཐ་སའེ་དང་ཏེང་ཆི་ལེ། ནེའུ་ཙི་ལན་གྱི་ཙུང་ལི་ཟུར་པ་ཁེ་ལ་ཁེ་དང་ཡུའེ་ཧན་·ཅི། ཨོ་སི་ཁྲུ་ལི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཁ་ཨེར། ཨོ་སི་ཁྲུ་ལི་ཡའི་ཝེ་ཏུའོ་ལི་ཡ་མངའ་སྡེའི་འགོ་འཛིན་ཟུར་པ་ཨན་ཏེ་ལུའུ་སི་བཅས་ཡོད།
            ཚོགས་ཆེན་ལ་ཞུགས་མཁན་གྲས་སུ་ད་དུང་མ་ཞིན་རུའེ་དང་། ཝང་དབྱི། དབྱིན་ལི། ཧྲི་ཐའེ་ཧྥེང་། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ལི་ཧུང་ཀྲུང་། ཧོ་ལི་ཧྥེང་། ཀྲང་ཡིའུ་ཞ། ཀྲང་གོ་ཆིང་། ཁྲེན་ཝུན་ཆིང་། ཁྲེན་ཅི་ཉིང་། ཁྲེན་རྨིན་ཨེར། ཡོན་ཅ་ཅུན། ཧོང་ཁུན་མིང་། ལི་རུའེ་ཧོན། ཝུན་ཅ་པའོ། ཅ་ཆིང་ལིན། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལི་ཀྲན་ཧྲུའུ། ཝང་ཡང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ཧོ་གོ་ཆང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་དང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་འགོ་ཁྲིད་ལས་གནས་ཐོག་ནས་དགོངས་ཞུ་གནང་བའི་བློ་མཐུན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་བཅས་ཡོད།
            པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་ཚན་པ་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན། འཇར་འགོག་དམག་འཁྲུག་ནང་ཞུགས་མྱོང་བའི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས། འཐབ་ས་མདུན་མར་རྒྱབ་སྐྱོར་བྱེད་མཁན་དཔེ་བཟང་གི་འཐུས་མི། འཇར་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོའི་སྤུན་ཉེའི་འཐུས་མི། གོ་མིན་ཏང་གི་འཇར་འགོག་དམག་འཁྲུག་ནང་ཞུགས་མཁན་དམག་མི་རྒན་གྲས་ཀྱི་འཐུས་མི། རྒྱལ་ཁབ་ཕྱི་ནང་གི་རྒྱལ་གཅེས་མི་སྣ། འཇར་འགོག་དམག་འཁྲུག་གི་དམག་དཔོན་གྱི་མི་རྒྱུད་ཀྱི་འཐུས་མི། བློ་མཐུན་རྒན་གྲས་ཀྱི་འཐུས་མི། པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་གིས་དོ་དམ་དངུལ་རྩའི་ལས་ཁུངས་དང་ཁེ་ལས། མཐོ་སློབ་སོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་ཨུ་ཡོན་དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན། རྒྱལ་ཁབ་ལྟ་ཨུད་ཀྱི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་གི་པེ་ཅིང་དུ་ཡོད་པའི་ཨུ་ཡོན། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་པེ་ཅིང་དུ་ཡོད་པའི་ལག་བསྟར་ཨུ་ཡོན་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས་དང་། བདུན་གཅིག་གཟེངས་རྟགས། བརྒྱད་གཅིག་གཟེངས་རྟགས། རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་བཅས་ཐོབ་མཁན་གྱི་འཐུས་མི། རྒྱལ་ཡོངས་སྔོན་ཐོན་དཔེ་བཟང་མི་སྣའི་འཐུས་མི། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་མཁན་གཙོ་བོ། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་འཐུས་མི། པེ་ཅིང་དུ་ཡོད་པའི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེ། སྔོན་གཤེགས་དཔའ་བོ་དང་གཞུང་དོན་ཆེད་སྐུ་གཤེགས་པའི་མི་སྣའི་མི་རྒྱུད་ཀྱི་འཐུས་མི། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ནང་དུ་ལོག་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་འཐུས་མི། སྐུ་གཤེགས་ཟིན་པའི་བློ་མཐུན་རྒན་གྲས་ཁག་གཅིག་གི་གཉེན་ཉེ། རྒྱལ་ཡོངས་ཀྱི་གཙོ་གནད་གཟིགས་སྐྱོང་བྱ་ཡུལ། ཤང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་སྤུན་ཟླ་དང་ཕྱི་རྒྱལ་དུ་ཡོད་པའི་སྤུན་ཟླའི་འཐུས་མི། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི། པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས་ཡོད།
            ཕྱི་ཕྱོགས་སྐུ་ཚབ་ཚོགས་པའི་ཁོངས་མིའི་སྐུ་ཚབ་དང་། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་ཕོ་ཉ་དང་། དྲག་ཆས་དཔོན། ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འཐུས་མི། ཀྲུང་གོའི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་འབུལ་མཁན་གྱི་རྒྱལ་སྤྱིའི་མཛའ་གྲོགས་མི་སྣའམ་ཁོང་ཚོའི་མི་རྒྱུད་ཀྱི་འཐུས་མི། པེ་ཅིང་དུ་ཡོད་པའི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་པའི་འཐུའ་མི་བཅས་ཀྱང་གདན་ཞུས་ལྟར་ཚོགས་ཆེན་ལ་ཞུགས་ཡོད།