ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་དུས་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དང་། ཞི་ཨན་འགྲིམ་འགྲུལ་སློབ་ཆེན། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན། པེ་ཅིང་འགྲིམ་འགྲུལ་སློབ་ཆེན་བཅས་ཀྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ཏེ། སློབ་གྲྭ་གོང་འཕེལ་གཏོང་རྒྱུའི་ཐད་ཐུགས་རེ་ནན་མོ་བཅོལ་གནང་ཡོད།
ཞི་ཅིན་ཕིང་གིས། མཐོ་སློབ་བཞི་པོའི་འབྱུང་རྩ་གཅིག་ཏུ་འབྲེལ་བ་དང་། ད་ལོ་སློབ་གྲྭ་བཙུགས་ནས་ལོ་ངོ130འཁོར་བའི་ལོ་མཉམ་དུ་འཆར་བས། དགེ་སློབ་ལས་བཟོ་ཡོངས་དང་སློབ་གྲྭ་བཞི་པོ་ནས་ཐོན་པའི་རྒྱ་ཆེའི་སློབ་གྲོགས་ཡོངས་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཁྱེད་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། “ཡོན་ཏན་དངོས་སྦྱོང་བ་དང་དངོས་ལས་གཉེར་བ”ཡི་སློབ་གཉེར་དམིགས་ཡུལ་རྒྱུན་འཛིན། ནུབ་སྤོས་སྙིང་སྟོབས་རྒྱུན་འཛིན་དར་སྤེལ། རྒྱལ་ཁབ་ཀྱི་གཙོ་གནད་འཐབ་ཇུས་དགོས་མཁོར་གཅིག་སྡུད་བཅས་བྱས་ཐོག ཚན་རྩལ་རང་བརྟེན་གསར་གཏོད་དང་ཤེས་ལྡན་མི་སྣ་རང་བརྟེན་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བ་བྱེད་པའི་ཐད་འགག་གཏོར་དེ་བས་མང་བ་ཡོང་བ་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ཆེན་བཅས་འཛུགས་སྐྱོང་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།
ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དང་། ཞི་ཨན་འགྲིམ་འགྲུལ་སློབ་ཆེན། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན། པེ་ཅིང་འགྲིམ་འགྲུལ་སློབ་ཆེན་བཅས་ཀྱི་འབྱུང་ཁུངས་ནི་ཁག་སོ་སོར1896ལོར་བཙུགས་པའི་ནན་དབྱང་སྤྱི་པའི་སློབ་གྲྭ་དང་། པེ་དབྱང་ལྕགས་ལམ་གཞུང་གཉེར་སློབ་གྲྭ། 1909ལོར་བཙུགས་པའི་ལྕགས་ལམ་དོ་དམ་ཁྲིད་སྦྱོང་སུའོ་བཅས་ཡིན་པ་དང་། 1921ལོར་འགྲིམ་འགྲུལ་སློབ་ཆེན་དུ་ཟླ་སྒྲིལ་བཏང་ཡོད། ཉེ་དུས། འགྲིམ་འགྲུལ་སློབ་ཆེན་བཞི་པོའི་དགེ་སློབ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། སློབ་གྲྭའི་ལོ་ངོ130ཡི་རིང་གི་གོང་འཕེལ་བརྒྱུད་རིམ་དང་སློབ་གཉེར་གྲུབ་འབྲས་སྙན་སེང་ཞུས་པ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེའི་བྱ་གཞག་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད།