
པད་མ་གཡུ་སྒྲོན་གྱིས་ལས་འགན་སྒྲུབ་པའི་སྤེལ་རེས་ཡིག་ཆ་ལེགས་སྒྲིག་བྱེད་བཞིན་པ།
2024ལོའི་ཟླ8པར། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་ཀྱི་རྩི་ཤིང་ལ་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་ཡོངས་བསྒྲགས་ངང་ཞིབ་གཅོད་བྱས་ཏེ། ཞུ་སྦྱོར་ཕྱི་མི10ལྷག་གིས་མེ་ཏོག་རྫོང་ནང་དུ་ཁྲིམས་འགལ་ངང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་རྩི་ཤིང་ཨ་བྷི་ཥ་འདྲ་ཁྲི་ཕྲག་ཁ་ཤས་སྔོག་འདོན་བྱས། གྱོད་གཞི་དེ་ནི་མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་བཙུགས་པ་ནས་བཟུང་ཞིབ་གཅོད་བྱས་པའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་ཀྱི་རྩི་ཤིང་ལ་གནོད་འཚེ་བཏང་བའི་གྱོད་གཞི་ཐོག་མ་དེ་ཡིན། གྱོད་གཞི་འདྲི་གཅོད་བྱས་རྗེས་སུ། མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་གྱོད་སྒྲུབ་དང་ཁོར་ཡུག་སྲུང་སྐྱོང་གཉིས་ཟུང་འབྲེལ་བྱས་ཏེ། བོད་ལྗོངས་ཡོངས་གྱི《རི་སྐྱེས་ཨ་བྷི་ཥ་འདྲ་ཁྲིམས་འཛིན་སྲུང་སྐྱོང་བཀའ་རྒྱ》ཐོག་མ་དེ་ཁྱབ་བསྒྲགས་བྱས། དེ་ཡིས་ལོ་ངོ15རིང་ཁྲིམས་འཛིན་མ་ལག་ནས་བརྟན་སྲུང་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་རིམ་པ་དང་པོའི་ཁྲིམས་དཔོན་པད་མ་གཡུ་སྒྲོན་གྱིས་གཞི་རིམ་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་ཤེས་རྟོགས་གཏིང་ཟབ་བྱུང་།
པད་མ་གཡུ་སྒྲོན་གྱིས“2013ལོར་མེ་ཏོག་ལ་གཞུང་ལམ་ཤར་གཏོང་བྱས་རྗེས་རྫོང་ཧྲིལ་པོ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ཡོད། ད་ཆ་མོན་པའི་ཁྱད་ཆོས་ལྡན་པའི་ཁང་པ་གསར་པ་གྲལ་སྟར་བསྒྲིགས་ནས་བསྐྲུན་ཤིང་། གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ལམ་བུ་ཡང་ཇེ་ཡངས་སུ་འགྲོ་བཞིན་ཡོད། འོན་ཀྱང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། མང་ཚོགས་ཚོ་སྔོན་ཆད་འཕྲད་མ་མྱོང་བའི་འགལ་བ་དང་རྩོད་གཞི་གསར་པ་སྣ་ཚོགས་ཀྱང་འབྱུང་བཞིན་ཡོད”ཅེས་གསུངས།
ལོ་ངོ་འདི་དག་གི་རིང་ལ། པད་མ་གཡུ་སྒྲོན་ནི་ཁྲིམས་ར་འཚོགས་སར་མེད་ན་གྲོང་ཚོར་བསྐྱོད་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ལམ་བར་དུ་ཡོད། མང་ཚོགས་ཀྱི་ཁེ་དབང་ཁག་སྔར་ལས་འགན་སྲུང་ལེགས་པོ་བྱ་ཆེད། པད་མ་གཡུ་སྒྲོན་དང་ཁོང་གི་ལས་རོགས་ཚོ་གྲོང་ཚོ་དང་ཁྱིམ་ཚང་དུ་བསྐྱོད་ནས་གོ་བདེ་བའི་སྐད་ཆའི་ཐོག་ནས་ཚང་མར་བཅའ་ཁྲིམས་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་དང་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱས། མི་རིང་བར་པད་མ་གཡུ་སྒྲོན་ལ་གྲོང་མི་ཚོས་བརྩེ་བའི་ངང་ནས“མོན་པ་རིགས་ཀྱི་བུ་མོ་བཟང་པོ”ཞེས་འབོད་བཞིན་ཡོད།
པད་མ་གཡུ་སྒྲོན་གྱིས“ཉེ་བའི་ལོ་འགའི་རིང་ལ། ང་ཚོས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ཁ་ཕྱོགས་གཙོ་བོ་ནི་ཕལ་ཆེར་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་ངལ་ལས་གན་རྒྱ་དང་དངུལ་བུན་གཡར་བའི་གན་རྒྱ་སོགས་ཡིན། དེར་བརྟེན་ང་ཚོས་དུས་རྒྱུན་ཁྲོད་ཁྲིམས་ཁང་གིས་གྱོད་གཞི་བདག་སྤྲོད་བྱེད་པའི་ཁྱད་ཆོས་ཁ་ཤས་དང་ཟུང་འབྲེལ་བྱས་ནས་ཞང་དང་གྲོང་ཚོར་བསྐྱོད་ནས་མངགས་ཐོ་རྣམ་པའི་ཁྲིམས་ལུགས་ཁྱབ་གདལ་གཏོང་བཞིན་ཡོད”ཅེས་གསུངས།
དེ་སྔ་གྱོད་གཞིའི་རིགས་གཙོ་བོ་ནི་ཁྱིམ་དོན་རྩོད་གཞི་དང་ཁྱིམ་མཚེས་ཀྱི་འགལ་བ་སོགས་སུ་འདུ་བས། མང་ཚོགས་ཚོས་གྲོང་ཚོའི་རྒན་པ་ཚོ་གདན་དྲངས་ནས་འདུམ་འགྲིག་བྱེད་དུ་འཇུག་པ་དང་། པད་མ་གཡུ་སྒྲོན་དང་ལས་གྲོགས་ཚོས་ཁྲིམས་ལུགས་ཁྱབ་གདལ་རྒྱུན་འཁྱོངས་ལྷོད་མེད་བྱས་པ་བརྒྱུད། ད་ཆ་ངལ་ལས་གན་རྒྱའི་རྩོད་གཞི་དང་། སྐྱེལ་འདྲེན་གན་རྒྱའི་རྩོད་གཞི། ཉོ་ཚོང་གན་རྒྱའི་རྩོད་གཞི་བཅས་ཀྱི་འགལ་བ་དང་རྩོད་གཞི་གསར་པ་སྣ་ཚོགས་དང་འཕྲད་དུས། མང་ཚོགས་ཚོས་དོན་དག་དང་འཕྲད་ན་བཅའ་ཁྲིམས་འཚོལ་དགོས་པ་དང་བཀོལ་སྤྱོད་བྱེད་ཤེས་དགོས་པ་གསལ་པོ་ཤེས་ཀྱི་ཡོད།
ད་ཆ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་མྱུར་བྱུང་བས། གཞི་རིམ་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་ནི་དེ་བས་གལ་འགངས་ཆེ་བ་ཞིག་རེད། ད་ལོ་པད་མ་གཡུ་སྒྲོན་གྱིས་མི་དམངས་ལ་གཏམ་བཤད་བྱེད་པ་དང་རྒྱལ་ཁབ་ལ་ཐབས་ཇུས་འབུལ་བའི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ནས་པེ་ཅིང་དུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་སུ་ཞུགས་པ་རེད། པད་མ་གཡུ་སྒྲོན་གྱིས་འགན་འཁྲི་ནན་ཏན་གྱིས་བསྒྲུབས་ནས་བསམ་འཆར་དང་ཐབས་ཇུས་ཧུར་ཐག་བཏོན་ནས་གཞི་རིམ་གྱི་སྐད་ཆ་ཚོགས་འདུ་གཉིས་སུ་ཁྱེར་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་བོད་ལྗོངས་ཡུན་རིང་བརྟན་བརླིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས།