འཇུན་པ་གྲོང་ཚོས་ཀོ་ཆས་བཟོ་རྩལ་རྒྱུན་འཛིན་གྱིས་ཤང་གྲོང་དར་རྒྱས་ལ་སྐུལ་འདེད་བཏང་།
སྤེལ་དུས 2025-03-25
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
འཇུན་པ་གྲོང་ཚོ་ནི་བོད་ལྗོངས་དང་། ཐ་ན་མཚོ་བོད་ས་མཐོའི་ཐོག་ཉ་བཟུང་ནས་འཚོ་ཐབས་བྱེད་མཁན་གྲོང་ཚོ་ཆེས་ཉུང་ཤས་ཀྱི་གྲས་ཤིག་ཡིན་ཞིང་། གྲོང་ཚོ་དེ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཁོངས་ཀྱི་ལྷ་ས་སྐྱིད་ཆུ་དང་ཡར་ཀླུང་གཙང་པོའི་སྦྲེལ་མཚམས་སུ་གནས་ཡོད། ཉ་གྲོང་གི་ཕྱོགས་གསུམ་རི་བོས་བསྐོར་བ་དང་ཕྱོགས་གཅིག་ཆུ་བོས་བསྐོར་བ་དེས་ཀོ་གྲུ་དང་ཀོ་ཆས་ཀྱི་རིག་གནས་དར་སྤེལ་ཡོང་བར་མཐུན་རྐྱེན་སྐྲུན་ཡོད།
ས་བབ་ཆགས་སྟངས་ཀྱིས་རྐྱེན་པས་དེ་སྔ་འཇུན་པ་གྲོང་ཚོའི་ཁྱིམ་ཚང་ཚང་མར་ཀོ་གྲུ་རེ་ཡོད་པ་དང་གྲོང་ཚོའི་དུད་ཁྱིམ་བརྒྱ་ཆ་བདུན་ཅུ་ཙམ་ཀོ་ཆས་བཟོ་བའི་ལས་ལ་འཇུག་གི་ཡོད། འགྲིམ་འགྲུལ་སྟབས་བདེ་མེད་སྟབས། ཀོ་གྲུ་ནི་འཇུན་པ་གྲོང་ཚོ་དང་ཕྱི་ཕྱོགས་ཀྱི་འབྲེལ་ལམ་འབའ་ཞིག་དེ་རེད། 2005ལོར་ཟམ་པ་གཉིས་དང་ཕུག་ལམ་གཅིག་སྟེ། ལྷ་སའི་སྐྱིད་ཆུ་དང་ཡར་ཀླུང་གཙང་པོ་སྒྲོལ་བའི་ཟམ་པ་གཉིས་དང་ལྷོ་ཁ་དང་ལྷ་ས་སྦྲེལ་བའི་ཕུག་ལམ་གཅིག་བསྐྲུན་པས། འཇུན་པ་གྲོང་ཚོའི་འགྲིམ་འགྲུལ་ཡང་སྟབས་བདེ་རུ་ཕྱིན་ཏེ་ཀོ་གྲུ་བསྡད་ནས་གཙང་པོ་སྒྲོལ་བ་ལོ་རྒྱུས་སུ་གྱུར་ཡོད།

འོན་ཀྱང་ཡུན་རིང་རྒྱུན་འཛིན་བྱས་པའི་ཀོ་ཆས་བཟོ་རྩལ་དེ་འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པ་དང་བསྟུན་ནས་ཉམས་ཞན་དུ་མ་ཕྱིན་པར། ཡུལ་སྐོར་ལས་རིགས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་དར་སྤེལ་བྱུང་ཡོད། ཚེ་རིང་ལགས་ནི་དངོས་མིན་རིག་གནས་ཤུལ་བཞག་འཇུན་པའི་ཀོ་ཆས་བཟོ་རྩལ་གྱི་རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པ་ཡིན་ཞིང་། རང་གི་ཕ་ཡི་ས་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་ལག་ཤེས་བཟོ་རྩལ་དེ་རྒྱུན་འཛིན་བྱས་ཡོད། 2013ལོར་འཇུན་པའི་ཀོ་ཆས་བཟོ་རྩལ་རྒྱུན་འཛིན་དང་ལག་ཤེས་པའི་ཡོང་འབབ་འཕར་སྣོན་ཡོང་བ་བྱ་ཆེད། ཆུ་ཤུར་འཇུན་པ་མི་རིགས་ཀོ་ཆས་ལས་སྣོན་ཆེད་ལས་མཉམ་ལས་ཁང་དངོས་སུ་བཙུགས་པ་དང་། མཉམ་ལས་ཁང་གིས་གྲོང་ཚོ་དེའི་ཀོ་ཆས་ལས་སྣོན་བྱེད་མཁན་ལག་ཤེས་པ་སྒྲིག་འཛུགས་བྱས་ནས་གཙོ་བོ་ཀོ་གྲུ་དང་ཇ་ཁུག རྩམ་ཁུག ལྟོ་ཕད། ཀོ་ལྷམ། རྟ་སྒྲོ་སོགས་ཀོ་ཆས་སྣ་ཚོགས་ཐོན་སྐྱེད་བྱེད་ཀྱི་ཡོད། ཐོན་རྫས་དེ་དག་སྲོལ་རྒྱུན་ཁྱད་ཆོས་ཀྱིས་ཕྱུག་ལ་ཚོན་མདོག་དང་བཟོ་ལྟ་ཕུན་སུམ་ཚོགས་པོ་ཡོད་པས། འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

ཚེ་རིང་ལགས་ཀོ་ཆས་བཟོ་རྩལ་ལ་མཁས་པར་མ་ཟད། ད་དུང་ཐོན་རྫས་ཇུས་འགོད་ལ་ཡང་བྱང་ཆུབ་པ་ཞིག་ཡོད། ཁོང་གིས། སྲོལ་རྒྱུན་ཐོན་རྫས་ཁོ་ནར་བརྟེན་ན་ཡུལ་སྐོར་ཁྲོམ་རའི་དགོས་མཁོ་སྐོང་ཐབས་བྲལ་བས། ང་ཚོས་ཐོན་རྫས་གསར་པ་ཇུས་འགོད་དང་ཐོན་སྐྱེད་བྱས་པར་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་འདུག་ཅེས་བརྗོད་ཡོད། ཐོན་རྫས་གསར་པར་ཁྲོམ་རའི་ཐོག་དགའ་བསུ་ཐོབ་པ་དང་བསྟུན་ནས་སྲོལ་རྒྱུན་གྱི་ཇ་ཁུག་དང་། རྩམ་ཁུག རྟ་སྒྲོ་སོགས་ཐོན་རྫས་ཀྱི་བྲིན་ཚོང་ལའང་སྐུལ་ཁྲིད་ཐེབས་ནས་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་ལག་རྩལ་པའི་ཡོང་འབབ་འཕར་སྣོན་ཡོང་བ་བྱ་རྒྱུ་གཉིས་ཀ་འགན་སྲུང་ཐུབ་ཡོད།
ཚེ་རིང་ལགས་ཀྱིས། ང་རང་ཀོས་ཆས་ལས་སྣོན་གྱི་ལས་ཀ་དེར་ཧ་ཅང་དགའ་པོ་ཡོད། ད་ཆ་ང་ཚོས་སྲོལ་རྒྱུན་ལག་རྩལ་དེ་རྒྱུན་འཛིན་བྱས་པ་མ་ཟད་ཡུལ་སྐོར་ཁྲོམ་རར་བརྟེན་ནས་ལག་ཤེས་པའི་ཡོང་འབབ་ཀྱང་འཕར་སྣོན་ཡོང་བ་བྱས་ཡོད། ང་ལ་སྲོལ་རྒྱུན་གྱི་ལག་རྒྱུན་དེ་རྒྱུན་འཛིན་དར་སྤེལ་ཡག་པོ་ཡོང་བར་ཡིད་ཆེས་ཆེན་པོ་ཡོད་ཅེས་བརྗོད་ཀྱི་འདུག