ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

“མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན་པའི”བོད་ལྗོངས་ཀྱི་ལེའུ་གསོན་ཉམས་དོད་པོས་མངོན་པ།

སྤེལ་དུས 2025-03-31 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
《དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན》རྒྱབ་ཤ་དཀར་པོའི་དེབ།
  ཟླ་3ཚེས་28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་བོད་ལྗོངས་ལྷ་སར《དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན》རྒྱབ་ཤ་དཀར་པོའི་དེབ་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། འདི་ནི《དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན》རྒྱབ་ཤ་དཀར་པོའི་དེབ་ཡིན་པ།
  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བསྟན་འཛིན་ཉི་དར་གྱིས་པར་བརྒྱབ།
  ཟླ་3ཚེས་28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས《དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན》རྒྱབ་ཤ་དཀར་པོའི་དེབ་བཀྲམ་པ་རེད། ཞིབ་ཅིང་ཕྲ་བའི་གྲངས་གཞི་དང་དངོས་ཡོད་ཀྱི་གནས་ཚུལ་བརྒྱུད། རྒྱབ་ཤ་དཀར་པོའི་དེབ་ནང་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་དུས་རབས་གསར་པ་ཚུན་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཡོད་པས། “མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན་པའི”བོད་ཀྱི་ལེའུ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད་།
  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམིགས་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཅས་འཛུགས་གཏོད་བྱེད་པར་ཤུགས་བརྒྱབ་པས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ཅེས་གསུངས་པ་རེད།
  བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།
  ཀརྨ་ཚེ་བརྟན་གྱིས། ལོ་60ལྷག་ཙམ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན་ལ་ཕྱིར་མིག་བལྟས་ན། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ཏང་གི་འགོ་ཁྲིད་ཀྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩ་བའི་འགན་ལེན་བྱས་ཡོད་ཅེས་གསུངས་པ་རེད།
  བོད་ལ་ཞི་བས་བཅིངས་འགྲོལ་བཏང་ཚུན། ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་སྐབས་རིམ་བྱུང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྲོ་བ་མིའི་ཐོབ་ཐང་ལ་ཐོག་མཐའ་བར་གསུམ་དུ་བརྩི་བཀུར་དང་འགན་སྲུང་བྱ་རྒྱུ་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་བོད་ཀྱི་བྱ་གཞག་ཁག་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
  མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་དབུལ་པོ་དབུལ་ནག་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་བསལ་བ་དང་། དབུལ་ཕོངས་རྫོང(ཆུས་དང་གྲོང་ཁྱེར)74ཚང་མའི་དབུལ་ཞྭ་ཕུད་པ། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་ཕྱིན་ཡོད། དཔལ་འབྱོར་བསྡོམས་འབོར་2012ལོའི་སྒོར་དུང་ཕྱུར་701.03ནས་2024ལོའི་སྒོར་དུང་ཕྱུར་2764.94བར་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་18028དང་སྒོར་5719ནས་སྒོར་55444དང་སྒོར་21578བར་འཕར་ཏེ་འཕར་ཚད་ལོ་10བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
  ཚེ་སྲོག་དང་བདེ་ཐང་གི་དབང་ཆར་འགན་སྲུང་ཏན་ཏིག་ཐུབ་ནས། བོད་ཀྱི་མི་འབོར་ཁྲི་370བར་འཕར་བ་དང་། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་མངོན་གསལ་དོད་པོས་རིང་དུ་སོང་བ། མི་འབོར་སྟོང་རེར་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲིའི་གྲངས་འབོར་དང་། འཕྲོད་བསྟེན་ལག་རྩལ་པའི་གྲངས་འབོར། ལས་གཉེར་སྨན་པ་དཀའ་བཅུ་པའི་གྲངས་འབོར་བཅས་སོ་སོར་ཉལ་ཁྲི་5.90དང་། མི་8.05 མི་3.34བར་མང་དུ་ཕྱིན་ཡོད།
  དམིགས་བསལ་ཚོགས་སྤྱིའི་ཁེ་དབང་འགན་སྲུང་འདྲ་མཉམ་བྱུང་སྟེ། བོད་ཀྱི་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་ཁྲི་38.63/10དང་5.37‰བར་སོ་སོར་ཆག་པ་དང་། ལྗོངས་ཡོངས་སུ་རྒན་གསོའི་སྒྲིག་གཞི་128ཡོད་པ་དེ་དག་གིས་རྒན་རྒོན་12971ལ་བསྙེན་བཀུར་བྱེད་པ། སློབ་ལོ་ལོན་པའི་བྱིས་པ་དབང་སྐྱོན་འོས་འགན་སློབ་གསོར་བཀོད་སྒྲིག་བྱེད་ཚད་97.15% ཟིན་པ། ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་21010ལས་ཞུགས་ཐུབ་པ་བཅས་རེད།
  དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་འགན་སྲུང་གི་ཆུ་ཚད་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ།
  ཉེ་བའི་ལོ་ཤས་རིང་། བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་འགན་སྲུང་གི་ཆུ་ཚད་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་ཡོད།
  རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། “བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་གངས་ལྗོངས་ས་མཐོར་སྐྱོད་པ་དང་། ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ། G318ཁྲོན་བོད་ལམ་རྒྱུད་དུ“གློག་གསོག་བར་ཁྱམས”བསྐྲུན་པ། མཁའ་ལམ་169ཟིན་པ། གློག་དྲ་4བསྐྲུན་ནས་སྤྱོད་འགོ་ཚུགས་པ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་ཡོད།
  སློབ་གསོའི་བྱ་གཞག་གཞན་གྱི་སྔོན་ལ་འཕེལ་རྒྱས་བཏང་བ། བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་15ཡི་གཞུང་གྲོན་སློབ་གསོའི་མ་ལག་བཙུགས་ཡོད།
  དམངས་ཡོངས་ཀྱི་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། མི་རེའི་ཆ་སྙོམས་ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་1.95ཟིན་ཡོད། 2024ལོར་རྒྱལ་ནང་དང་རྒྱལ་སྤྱིའི་ལུས་རྩལ་འགྲན་བསྡུར་ནང་གསེར་གྱི་རྟགས་མ་55དང་། དངུལ་གྱི་རྟགས་མ་44 ཟངས་ཀྱི་རྟགས་མ་66བཅས་ཐོབ་ནས་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།
  རིག་གནས་འདུ་འགོད་ལས་མི་དམངས་ལ་ཕན་པ་ཐོབ་པ། སྲིད་འཛིན་གྲོང་ཚོ(གྲོང་ལྷན)5492ལ་རིག་རྩལ་འཁྲབ་སྟོན་རུ་ཁག་ཁྱོན་ཡོངས་ནས་ཁྱབ་པ་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་བེད་སྤྱོད་ནུས་ལྡན་ཐུབ་ཡོད། བོད་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་རྒྱལ་ཁབ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་ཐུབ་ཡོད།
  བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་ཡིས། བོད་ལྗོངས་ལ་རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར) རྫོང(ཆུས་དང་གྲོང་ཁྱེར) ཤང(གྲོང་རྡལ) གྲོང་ཚོ(སྡེ་ཁུལ)བཅས་རིམ་ལྔའི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་དྲ་རྒྱ་གཞི་རྩའི་ཆ་ནས་བསྐྲུན་ཟིན་ནས་ནད་ཆེན་རིགས་400ལྷག་ཙམ་རང་སྐྱོང་ལྗོངས་སུ་སྨན་བཅོས་ཐུབ་པ་དང་། ནད་འབྲིང་རིགས་2400ལྷག་ཙམ་ས་ཁུལ་དང་གྲོང་ཁྱེར་དུ་སྨན་བཅོས་ཐུབ་པ། ནད་ཆུང་མང་ཆེ་བ་ཤང་དང་གྲོང་རྡལ(ཁྲོམ་གཞུང)དུ་སྨན་བཅོས་ནུས་ལྡན་ཐུབ་ཀྱི་ཡོད། དུས་མཚུངས་རིག་ལྡན་སྨན་བཅོས་བྱ་ཐབས་སྤྱད་དེ“དྲ་རྒྱ་དང་སྨན་བཅོས་བདེ་ཐང”ཟུང་དུ་འབྲེལ་བར་སྐུལ་འདེད་བཏང་ནས་རྒྱང་བརྟེན་སྨན་བཅོས་ཞབས་ཞུ་ཤང་དང་གྲོང་རྡལ་ཡན་གྱི་གཞུང་བཙུགས་སྨན་ཁང་ཚང་མར་ཁྱབ་ཡོད་ཅེས་གསུངས་པ་རེད།
  2025ལོར་བོད་ཀྱི་གྲོང་མིའི་གཟུགས་པོ་བརྟག་དཔྱད་ཀྱི་གྲོན་དངུལ་ཚད་གཞི་མི་རེར་སྒོར་164བར་མཐོ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཟུགས་པོ་བརྟག་དཔྱད་བྱེད་རྒྱུ་གཞི་རྩའི་ཆར་ཁྱོན་ཡོངས་ལ་ཁྱབ་ཡོད།
  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྔར་ན་བྱུང་མྱོང་མེད་པའི་སྲུང་སྐྱོབ་དང་རྒྱུན་འཛིན་བྱུང་ཞིང་། རྒྱལ་ཁབ་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་4ཙམ་བཏང་ནས་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ས་སྐྱ་དགོན་བཅས་བོད་ཀྱི་རིག་དངོས་སྲུང་སྐྱོབ་ཉམས་གསོའི་གཙོ་གནད་ལས་གྲྭ་ཆེན་པོ་གསུམ་ལག་བསྟར་བྱས་ཡོད། 2018ལོའི་ལོ་མཇུག་ཏུ་བོད་ཀྱིས་དུས་འཁོར་ལོ་10དང་མ་དངུལ་སྒོར་དུང་ཕྱུར་3ཙམ་བཏང་བའི་ཕོ་བྲང་པོ་ཏ་ལའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོབ་བཀོལ་སྤྱོད་རྣམ་གྲངས་སྤེལ་འགོ་ཚུགས་ཡོད།
  བོད་སྐད་ཡིག་རྒྱུན་འཛིན་དང་འཕེལ་རྒྱས་ལ་ཁྲིམས་ལྟར་སྲུང་སྐྱོང་བྱས་པ། མིག་སྔར། བོད་དུ་བོད་སྐད་ཡིག་རླུང་འཕྲིན་ལ་སྐད་སྒྲ་ཡོད་པ་དང་། གློག་བརྙན་ལ་བརྙན་རིས་ཡོད་པ། དྲ་རྒྱར་པར་ངོས་ཡོད་པ། ཚགས་པར་དང་དུས་དེབ་ལ་ནང་དོན་ཡོད་པ། སློབ་ཁྲིད་བྱེད་པར་སློབ་དེབ་ཡོད་པ། དཔེ་སྐྲུན་ལ་ཁྲོམ་ར་ཡོད་པ་བཅས་བྱུང་ཡོད། བོད་ཡིག་ཀྱང་རང་རྒྱལ་གྱི་རྒྱལ་སྤྱིའི་ཚད་གཞི་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ཡི་གེ་དང་པོར་གྱུར་ཡོད།
  མི་རིགས་ཁག་གི་མི་དམངས་ཀྱི་གནས་ཚུལ་ཤེས་དབང་དང་ཞུགས་པའི་དབང་ཆ་འགན་སྲུང་གང་ལེགས་བྱུང་བ།
  “མི་དམངས་མང་ཚོགས་ཀྱིས‘བདག་པོ’བྱེད་པར‘ཁྱིམ’གྱི་བྱ་བ་ཆེ་ཆུང་ཚང་མར་རྒྱུས་མངའ་ལོན་པ་དང་དེའི་ནང་ཞུགས་ཐུབ་པར་བྱེད་དགོས”ཞེས་ཀརྨ་ཚེ་བརྟན་གྱིས་གསུངས།
  དེར་བརྟེན། བོད་ཀྱིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མི་རིགས་ཁག་གི་མི་དམངས་ཀྱི་གནས་ཚུལ་ཤེས་དབང་དང་ཞུགས་པའི་དབང་ཆར་འགན་སྲུང་གང་ལེགས་བྱས་ཏེ། ཏང་དང་སྲིད་གཞུང་གིས་ཐབས་ཇུས་དང་། ལག་བསྟར། ལྟ་སྐུལ་སོགས་ལྷུ་ཚིགས་ཁག་ཚང་མའི་ཁྲོད་མི་དམངས་ཀྱི་འབོད་སྒྲ་ཐོས་ཐུབ་པའི་འགན་ལེན་བྱས་ཡོད།
  བོད་ཀྱི་རིམ་ཁག་སྲིད་གཞུང་གིས་སྤྱི་ཚོགས་ཀྱི་དོ་ཁུར་ལ་དམིགས་ནས་གཙོ་ཆེའི་དྲ་ཚུགས་དང་། སྲིད་དོན་སྨྱན་སྦྱོར་གསར་པ། སྲིད་གཞུང་གི་སྤྱི་བསྒྲགས་སོགས་གཞི་རྟེན་སྣ་ཚོགས་བརྒྱུད་ཁྲིམས་གཏན་འཁེལ་བའི་རང་འགུལ་ཡོངས་བསྒྲགས་ཀྱི་ནང་དོན་ཚང་མ་ཡོངས་བསྒྲགས་བྱས་ཡོད། 2019ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་གྲོང་དོན་ཡོངས་བསྒྲགས་བྱ་ཐབས》ཁྱབ་བསྒྲགས་བྱས་ནས་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་གྲོང་དོན་ཡོངས་བསྒྲགས་སྒྲོམ་སྟེགས་དང་། གྲོང་མིའི་འཐུས་ཚོགས། དྲ་རྒྱ། རྒྱང་བསྒྲགས། ལག་ཐོགས་ཁ་པར་གྱི་འཕྲིན་ཐུང་། སྐད་འཕྲིན། “གསལ་འབྱེད་གཱ”སོགས་ཀྱི་ཐབས་ལམ་བརྒྱུད་གྲོང་དོན་ཡོངས་བསྒྲགས་ཕྱོགས་ཡོངས་ལ་ཁྱབ་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
  གཞན་ཡང་། བོད་ལྗོངས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ལས་ཀའི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་བ་དང་། རིམ་ཁག་འཐུས་མིས་འདེམས་དམངས་ལ་འབྲེལ་གཏུག་དང་སྣེ་ལེན་རྒྱ་ཁྱབ་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་ཏེ། དོན་ཆེ་བ་རང་སྐྱོང་ལྗོངས་ཀྱི་ཁྲིམས་འཛུགས་དང་འཆར་འགོད་སྣ་ཚོགས་བཟོ་འགོད་བྱེད་པ་དང་། དོན་ཆུང་བ་འཚོ་བའི་གད་སྙིགས་རིགས་དབྱེ་དང་སྡེ་ལས་དོ་དམ་སོགས་ཚང་མར་མི་དམངས་མང་ཚོགས་ཏན་ཏིག་ཞུགས་ཡོད། དེ་དང་ཆབས་ཅིག བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི་གྲོང་མིའི་འཐུས་མིའི་ཚོགས་འདུ་དང་། གྲོང་ཁྱེར་དང་སྡེ་ཁུལ་གྱི་གྲོང་མིའི་འཐུས་མི་ཚོགས་ཆེན། ལས་བཟོའི་འཐུས་མི་ཚོགས་ཆེན་བཅས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་འདེམས་བསྐོ་དང་། དོན་གྲོས། ཡོངས་བསྒྲགས། འགན་སྒྲུབ་གསལ་ཞུ། འགན་འཁྲི་རྩད་གཅོད་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་གྱི་དམངས་གཙོ་ལག་ལེན་དེ་བས་རྒྱ་ཁྱབ་དང་། དོན་དངོས། གསོན་ཉམས་དོད་པ་བཅས་ཡོང་བར་སྐུལ་འདེད་བཏང་ཡོད།
  བོད་ལྗོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་སྲིད་ཞུགས་སྲིད་གླེང་ནང་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ནས། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད།
  ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་གསར་པ་དང་བསྟུན་ནས། སེམས་མཐུན་གཅིག་སྒྲིལ་གྱིས་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གི་ལེའུ་གསར་པ་མུ་མཐུད་རྩོམ་རྒྱུ་ཡིན”ཞེས་ཀརྨ་ཚེ་བརྟན་གྱིས་གསུངས།