ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

སྤེལ་དུས 2025-03-31 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཟླ་3ཚེས་28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཁྱབ་བསྒྲགས་བྱས་པའི《དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན》རྒྱབ་ཤ་དཀར་པོའི་དེབ་ལ་རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས། རྒྱབ་ཤ་དཀར་པོའི་དེབ་ནང་ཞིབ་ཅིང་ཕྲ་བའི་གྲངས་གཞི་དྲངས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་དང་། ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་རྒྱབ་སྐྱོར་གྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་འཆར་འགོད་ལག་བསྟར། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་བཅས་གནང་སྟེ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་རྩོམ་འགོ་བཙུགས་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད། ཚང་མས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་མི་དམངས་ཀྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱས་ཏེ། བོད་ཀྱི་དོན་དངོས་གཞིར་བཟུང་འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གཙོ་བོར་བརྩི་བ་དང་། བདེ་འཇགས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོང་། ཁྲིམས་ལྟར་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་བཅས་བྱས་ཚེ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གཞི་ནས་སྤུས་ཚད་སྔར་བས་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུ་རེད་ཅེས་བརྗོད་པ་རེད།
  རྒྱབ་ཤ་དཀར་པོའི་དེབ་ནང་། འཚོ་གནས་ནི་འགྲོ་བ་མིའི་ཐོབ་ཐང་ཡོད་ཚད་ལོངས་སུ་སྤྱོད་པའི་རྨང་གཞི་དང་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་རེད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་པ་དང་། བོད་ཀྱི་མི་དམངས་ཀྱི་འཚོ་གནས་དབང་ཆར་འགན་སྲུང་དང་བོད་ཀྱི་མི་དམངས་ཀྱི་འཕེལ་རྒྱས་དབང་ཆ་མངོན་འགྱུར་བྱེད་པ་ལས་འགན་ཨང་དང་པོར་བརྩིས་ཏེ། འཕེལ་རྒྱས་གཏོང་བ་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། འཕེལ་རྒྱས་གཏོང་རིང་མི་དམངས་ལ་བརྟེན་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བཅས་མཐའ་འཁྱོངས་བྱས་ཤིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ་དང་། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་དང་འཕེལ་རྒྱས་དོ་མི་མཉམ་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས། སྤུས་ཚད་དེ་བས་མཐོ་བ་དང་། ལས་ཕྱོད་དེ་བས་ཆེ་བ། དྲང་སྙོམས་དེ་བས་ཆེ་བ། རྒྱུན་མཐུད་དེ་བས་ཆོག་པ། བདེ་འཇགས་དེ་བས་ལྡན་པ་བཅས་ཀྱི་འཕེལ་རྒྱས་ཧུར་ཐག་ཡོང་བར་བྱས་ཡོད་ཅེས་བསྟན་ཡོད།
  ཞོགས་པའི་ཉི་འོད་ལྷུན་གྲུབ་རྫོང་ལྕང་ར་ཤར་ཤང་ལྷ་སྡིངས་གྲོང་ཚོའི་རིག་གནས་ཐང་ཆེན་དུ་འཕྲོས། ཡུལ་མི་རྣམས་ཀྱིས་དགའ་སྤྲོའི་ངང་སྒོར་གཞས་འཁྲབ་ཤིང་། ཕྲུ་གུ་ཚོས་དཔེ་ཁུག་ཁུར་ནས་གྲོང་ཚོའི་བུ་བཅོལ་ཁང་གི་ཕྱོགས་སུ་རྒྱུག ད་ཆ་ལྷ་སྡིངས་གྲོང་ཚོའི་བགྲོད་ལམ་རྒྱ་ཆེ་རུ་སོང་བ་དང་། ཁང་པ་གསར་པ་བརྒྱབ་སྟེ། མི་སེམས་དྲོ་སྐྱིད་ལྡན་པ་ཞིག་ཡོད།
  ལྷ་སྡིངས་གྲོང་ཚོའི་ཧྲུའུ་ཅི་དང་པོ་དབྱང་ཁུན་གྱིས། རྒྱབ་ཤ་དཀར་པོའི་དེབ་ནང་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་ཚུན་དང་། ལྷག་པར་དུ། དུས་རབས་གསར་པའི་ཚུན་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་འཕེལ་རྒྱས་མྱུར་པོ་དང་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ་ཆ་ཚང་པོའི་སྒོ་ནས་མཚོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་གྲུབ་འབྲས་ཀྱི་ལག་ལེན་དང་གཞི་རྩའི་ཉམས་མྱོང་ལ་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་ཏེ། “མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན་པའི”བོད་ཀྱི་ལེའུ་གསོན་ཉམས་དོད་པོས་མཚོན་ཡོད་པའི་ངོས་འཛིན་བྱས་པ་རེད།
  རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱིས་འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་པ། འཕེལ་རྒྱས་བརྒྱུད་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དབང་ཆ་འགན་སྲུང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བས། བོད་ཀྱི་མི་དམངས་ཀྱི་འོས་ཤིང་འཚམ་པའི་འཚོ་བའི་ཆུ་ཚད་ཀྱི་ཁེ་དབང་དང་། སློབ་གསོ་དང་ལེན་གྱི་ཁེ་དབང་། ལས་ཀའི་ཁེ་དབང་། བདེ་ཐང་གི་ཁེ་དབང་། སྤྱི་ཚོགས་འགན་སྲུང་གི་ཁེ་དབང་བཅས་ལ་འགན་སྲུང་སྔར་བས་ཡག་པོ་བྱུང་ཡོད་ཅེས་བསྟན་ཡོད།
  “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་བོད་ཀྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཐབས་ཇུས་མཐའ་འཁྱོངས་བྱས་ཏེ། ཐོན་ལས་འཕེལ་རྒྱས་དང་། ཡུལ་གཞན་དུ་གནས་སྤོ། སྐྱེ་ཁམས་ཁ་གསབ། སློབ་གསོ་འཕེལ་རྒྱས། སྤྱི་ཚོགས་འགན་སྲུང་ཐ་སྐྱོང་སོགས་དབུལ་སྒྲོལ་བྱེད་ཐབས་ལག་བསྟར་ཤུགས་ཆེན་བྱས་ཤིང་། 2019ལོའི་ལོ་མཇུག་བར་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་ཡོད། དེ་རྗེས་ཏང་དང་སྲིད་གཞུང་གིས་གྲོང་གསེབ་དར་རྒྱས་འཐབ་ཇུས་མུ་མཐུད་ལག་བསྟར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ཡོད”ཅེས་སྨན་གླིང་གྲོང་ཁྱེར་ཕད་གྲོང་རྡལ་ཤོ་ཁ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་ཉི་མས་བཤད།
  རྒྱབ་ཤ་དཀར་པོའི་དེབ་ནང་། བོད་ཀྱི་རྒན་རྒོན་གྱི་ཁེ་དབང་འགན་སྲུང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། རྒན་གསོའི་ཞབས་ཞུའི་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། རྒན་གསོའི་ཞབས་ཞུའི་རྣམ་པ་ཕུན་སུམ་ཚོགས་སུ་ཕྱིན་པ། རྒན་འཕྲོད་ཅན་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་ཐེབས་ཡོད་ཅེས་བསྟན་ཡོད།
  རྒྱབ་ཤ་དཀར་པོའི་དེབ་ནང་། སྐྱེ་ཁམས་ཁ་གསབ་ལམ་ལུགས་ལས་ཞིང་འབྲོག་པར་ཡོང་འབབ་མང་དུ་ཕྱིན་པ་དང་། སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཧུར་སེམས་ཆེ་རུ་ནུས་ལྡན་ཕྱིན་པ་མ་ཟད། ད་དུང་སྐྱེ་ཁམས་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་སྐུལ་མའང་ཐེབས་ཡོད་ཅེས་བསྟན་ཡོད།
  “རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་བཞག་པ་དང་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་ལ་སྤྱི་འདོམས་བྱས་ཤིང་། 2004ལོའི་ཚུན་དུ་བོད་ཀྱིས་སྔ་རྗེས་སུ་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་དང་། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའ། འདམ་ར་གལ་ཆེན་གྱི་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ(ཚོད་ལྟ)སོགས་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་བཙུགས་ནས་ལག་བསྟར་བྱས་པ་སོགས་ཀྱི་དོན་དངོས་གནས་ཚུལ་བཀོད་ཡོད”ཅེས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དེང་རབས་བོད་ལྗོངས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ལན་ཁྲེང་གོ་ཡིས་བཤད།