ཚེས་28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ལྷ་སར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས《དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན》རྒྱབ་ཤ་དཀར་པོའི་དེབ་བཀྲམ་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་ནས་སྨྱན་སྦྱོར་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་ཚོགས་འདུར་ཞུགས་པ་རེད།
ཀརྨ་ཚེ་བརྟན་གྱིས། ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་དང་དེ་རིང་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཡིན། ལོ་66གི་གོང་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པས་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ཡར་ཐོན་གྱི་ལོ་རྒྱུས་ཐོག་གི་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་འགན་སྲུང་བྱ་རྒྱུ་དེ་རྒྱལ་སྐྱོང་སྲིད་འཛིན་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་བོད་ཀྱི་བྱ་གཞག་ཁག་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞིར་དམིགས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་གི་འགོ་ཁྲིད་ཀྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩ་བའི་འགན་ལེན་མཁོ་འདོན་བྱས་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པས། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པས། དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་འགན་སྲུང་ཆུ་ཚད་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་ཡོད། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་བསྐལ་བརྒྱར་ཕན་འབྲས་ཐོན་པ་དང་གནམ་འོག་ལ་ཕན་པ་ཐོབ་པའི་དོན་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་པས། མཚོ་བོད་ས་མཐོ་སྤྱི་ཡོངས་ལ་ཐཱན་ཚད་སྙོམ་སྦྱོར་བྱུང་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པས། ཆབ་སྲིད་ཀྱི་ཁེ་དབང་དང་སྤྱི་དམངས་ཀྱི་ཁེ་དབང་ལ་བརྒྱུད་རིམ་ཧྲིལ་པོའི་འཕེལ་རྒྱས་བྱུང་ཡོད་ཅེས་གསུངས་པ་རེད།
ཀརྨ་ཚེ་བརྟན་གྱིས། ད་ལོ་བོད་ལྗོངས་དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་རྗེས་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག ང་ཚོས་འཕྲལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་ཚ་སོབ་སོབ་ཀྱི་གུར་དང་སྟབས་བདེའི་ཁང་པའི་ནང་སྤོས་པ་དང་། ཁ་ལག་ཚ་པོ་བཟའ་རྒྱུ་ཡོད་པ། ཇ་ཚ་པོ་འཐུང་རྒྱུ་ཡོད་པ་བཅས་བྱས་པས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་འགན་ལེན་ནུས་ལྡན་ཐུབ་ཡོད་ཅེས་གསུངས་པ་རེད།
ཀརྨ་ཚེ་བརྟན་གྱིས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་དུས་ད་ལྟ་བ་ལས་འདས་པ་ཟེར་བ་མེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་སྤྱི་ཚོགས་རིང་ལུགས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་ཀྱི་པང་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་གསར་པ་དང་བསྟུན་ནས་སེམས་མཐུན་སྟོབས་སྒྲིལ་གྱིས་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གི་ལེའུ་གསར་པ་མུ་མཐུད་རྩོམ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཡོངས་བསྒྲགས་ཚོགས་འདུའི་ཐོག་ཀརྨ་ཚེ་བརྟན་དང་། དབང་ཧའེ་ཀྲོའུ། ཞུས་ཀྲི་ཐའོ་བཅས་ཀྱིས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།