ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་། 2025ལོའི་ཟླ་3པ།
དཀར་ཆག
གླེང་གཞི།
གཅིག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་ཟིལ་རླབས་དགུང་འཕྱུར་གྱི་འཕེལ་རྒྱས་ལམ་བུ།
—— ཞི་བས་བཅིངས་འགྲོལ་བཏང་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་རྨང་གཞི་བཏིང་བ།
—— དམངས་གཙོའི་བཅོས་བསྒྱུར་ལས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རང་ཁྱིམ་རང་བདག་བྱུང་བ།
—— བསྒྱུར་བཅོས་སྒོ་དབྱེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ།
—— དུས་རབས་གསར་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཕྱོཌ་ཡོངས་ནས་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་པ།
གཉིས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱ་ཁྱབ་དང་། དོན་དངོས། གོ་ཆོད་བཅས་བྱུང་བ།
—— མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ།
—— འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་འགན་སྲུང་ནན་པོ་བྱས་པ།
—— གནས་ཚུལ་ཤེས་དབང་དང་ཞུགས་པའི་དབང་ཆ་འགན་སྲུང་གང་ལེགས་བྱུང་བ།
—— བསམ་ཚུལ་ཤོད་དབང་དང་ལྟ་སྐུལ་དབང་ཆ་འགན་སྲུང་ནུས་ལྡན་བྱས་པ།
གསུམ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁེ་དབང་འགན་སྲུང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ།
—— འོས་འཚམ་གྱི་འཚོ་བའི་ཆུ་ཚད་ཀྱི་ཁེ་དབང་འགན་སྲུང་མངོན་གསལ་དོད་པོ་བྱུང་བ།
—— སློབ་གསོ་དང་ལེན་གྱི་ཁེ་དབང་འགན་སྲུང་གང་ལེགས་ཐུབ་པ།
—— ལས་ཀའི་ཁེ་དབང་འགན་སྲུང་ཏན་ཏིག་ཐུབ་པ།
—— བདེ་ཐང་ཁེ་དབང་འགན་སྲུང་དེ་བས་དོ་སྙོམས་བྱུང་བ།
—— སྤྱི་ཚོགས་འགན་སྲུང་མ་ལག་དམངས་ཡོངས་ལ་ཁྱབ་པ།
བཞི། རིག་གནས་ཁེ་དབང་འགན་སྲུང་ལ་མུ་མཐུད་ཤུགས་སྣོན་ཐེབས་པ།
—— མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཐུབ་པ།
—— སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་ཕྱིན་པ།
—— བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཀྱི་ཁེ་དབང་འགན་སྲུང་ནུས་ལྡན་ཐུབ་པ།
ལྔ། ཆོས་དད་རང་མོས་ལ་སྲུང་སྐྱོང་ནུས་ལྡན་བྱུང་བ།
—— ཆོས་ལུགས་ཀྱི་བྱེད་སྒོ་ཁྲིམས་ལྟར་སྤེལ་བ།
—— སྤྲུལ་སྐུའི་ཡང་སྲིད་རྒྱུན་འཛིན་ཚད་ལྡན་དང་གོ་རིམ་ལྡན་པ།
—— ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ།
—— ཆོས་ལུགས་ལས་རིགས་མི་སྣའི་སྤྱི་ཚོགས་འགན་སྲུང་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ།
—— ཆོས་ལུགས་སློབ་གསོ་དང་དེང་རབས་སློབ་གསོའི་རྣམ་པ་འབྲེལ་མཐུད་ནུས་ལྡན་བྱུང་བ།
དྲུག ཁོར་ཡུག་གི་ཁེ་དབང་འགན་སྲུང་ནུས་ལྡན་དང་གང་ལེགས་བྱུང་བ།
—— ཁོར་ཡུག་གི་ཁེ་དབང་འགན་སྲུང་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ།
—— སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ།
—— ཁོར་ཡུག་ལྟ་ཞིབ་ཚད་ལེན་རྒྱུན་རྣམ་ཅན་དུ་གྱུར་པ།
—— གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ།
—— སྐྱེ་ཁམས་ཀྱི་ཁ་གསབ་ལམ་ལུགས་དོན་འཁྱོལ་ནུས་ལྡན་བྱུང་བ།
བདུན། ཆེད་དམིགས་ཚོགས་སྤྱིའི་ཁེ་དབང་འདྲ་མཉམ་ངང་འགན་སྲུང་ཐུབ་པ།
—— བུད་མེད་ཀྱི་ཁེ་དབང་འགན་སྲུང་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་སོང་བ།
—— བྱིས་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།
—— རྒན་རྒོན་གྱི་ཁེ་དབང་འགན་སྲུང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
—— དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ།
བརྒྱད། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ཆུ་ཚད་བརྟན་པོའི་ངང་གོང་མཐོར་སོང་བ།
—— ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་ལས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་ལུགས་མཚོན་པ།
—— ཁྲིམས་ལྟར་སྲིད་འཛིན་བྱས་པས་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱུང་བ།
—— འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྱུར་ཁྲིམས་འཛིན་འགན་སྲུང་ལ་སྐུལ་འདེད་ནུས་ལྡན་ཐུབ་པ།
—— འགྲོ་བ་མིའི་ཐོབ་ཐང་གི་སློབ་གསོ་གསོ་སྦྱོང་དང་ཤེས་བྱ་རྒྱ་ཁྱབ་ངང་ཁྱབ་གདལ་བཏང་བ།
མཇུག་བསྡུའི་གཏམ།
གླེང་གཞི།
མི་ཚང་མར་འགྲོ་བ་མིའི་ཐོབ་ཐང་ལོངས་སྤྱོད་གང་ལེགས་ཐུབ་པ་བྱ་རྒྱུ་ནི་མིའི་རིགས་སྤྱི་ཚོགས་ཀྱིས་ཐུན་མོང་དོན་གཉེར་བྱེད་ས་ཞིག་རེད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱི་འབད་འཐབ་དམིགས་ཚད་ཅིག་ཀྱང་རེད།
ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་མཐོང་ཆེན་བྱས་ཏེ། བོད་སྐྱོང་མཛད་ཇུས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་བ་དང་། བྱེད་ཐབས་ཏན་ཏིག་དང་ནུས་ལྡན་སྤྱད་དེ་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་ཁེ་དབང་འགན་སྲུང་གང་ལེགས་བྱས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ནང་དོན་གལ་ཆེན་དུ་བརྩི་བ་མཐའ་འཁྱོངས་བྱས་ཏེ། བོད་ཀྱི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་སར་མཉམ་འདྲེས་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་སྐུལ་འདེད་ཤུགས་ཆེན་གཏོང་བ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་ཟམ་མི་ཆད་པར་རྒྱག་པ། སྤྱི་དམངས་ཀྱི་ཁེ་དབང་དང་ཆབ་སྲིད་ཀྱི་ཁེ་དབང་། དེ་བཞིན་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་མཐུན་སྦྱོར་ངང་ལེགས་སུ་གཏོང་བ་བཅས་བྱས་ཏེ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་རིགས་ཁག་གི་མི་དམངས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཧུར་ཐག་བཏང་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད།
ད་ཆའི་བོད་ལྗོངས་ཆབ་སྲིད་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཞི་མཐུན། ཆོས་ལུགས་ཞི་དུལ། ཁོར་ཡུག་མཛའ་མཐུན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ནས་གངས་ལྗོངས་ས་མཐོར་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གི་ངོ་མཚར་བཏོད་ཡོད།
གཅིག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་ཟིལ་རླབས་དགུང་འཕྱུར་གྱི་འཕེལ་རྒྱས་ལམ་བུ།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་དང་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཀྱི་འཕེལ་རིམ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལྡོག་མེད་འབྲས་བུ་ཞིག་རེད། བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་འགོ་བཙུགས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག འགྲོ་བ་མིའི་ཐོབ་ཐང་འགན་སྲུང་། འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་པ་དང་། བོད་མི་དམངས་ཀྱི་འཚོ་གནས་དབང་ཆ་དང་། འཕེལ་རྒྱས་གཏོང་དབང་། དེ་མིན་གྱི་གཞི་རྩའི་ཁེ་དབང་བཅས་ཀྱི་འགན་སྲུང་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་ཡོད།
—— ཞི་བས་བཅིངས་འགྲོལ་བཏང་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་རྨང་གཞི་བཏིང་བ།
1951ལོར་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་བོད་རྙིང་པ་ནི་འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་གཏོང་མཁན་ཚབས་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་གི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་མི་ཐུབ་པ་དང་། མི་ལུས་རང་དབང་དང་། རྒྱུ་ནོར་རང་བདག བསམ་བློའི་རང་དབང་བཅས་གང་ཡང་མེད་པས་མི་ཞིག་བྱེད་པའི་དབང་ཆ་ནི་དེ་བས་གླེང་ཐབས་བྲལ། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང་དེ་བཞིན་བཙན་རྒྱལ་རིང་ལུགས་ཀྱིས་བོད་ལ་བཙན་འཛུལ་དང་བྲན་བཀོལ། དེ་བཞིན“བོད་རང་བཙན”ཟེར་བའི་ལྐོག་གཡོ་དང་ངན་ཇུས་བཤམས་པའི་དབང་གིས་བོད་མི་དམངས་ཀྱི་འཚོ་གནས་དབང་ཆར་འགན་སྲུང་མི་ཐུབ་པ་དང་འཕེལ་རྒྱས་ཀྱི་དབང་ཆ་མངོན་འགྱུར་དཀའ་བར་གྱུར་ཡོད།
ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱིས་མིའི་ལ་རྒྱར་བཙན་ཤེད་ཀྱིས་རྡོག་རོལ་བཏང་ནས་སྤྱི་ཚོགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཡོད། མི་འབོར་བསྡོམས་གྲངས་ཀྱི་95%ཡན་བཟུང་བའི་ཞིང་བྲན་དང་བྲན་གཡོག་ལ་གང་ཡང་མེད་སྟབས་ཞིང་བྲན་བདག་པོ་ཁོ་ནར་བརྟེན་དགོས་པ་དང་ཆ་རྐྱེན་གང་ཡང་མེད་པར་ཁོ་པ་ཚོའི་བཀའ་བཀོད་དང་རེ་བ་བཞིན་བསྒྲུབ་དགོས་ཀྱི་ཡོད། ཞིང་བྲན་བདག་པོས་ཞིང་བྲན་དང་བྲན་གཡོག་གང་འདོད་བཞིན་ཉོ་ཚོང་དང་། ནང་བཤུག སྤྲོད་རེས། བརྗེ་རེས་བཅས་བྱ་ཆོག་ལ། ཞིང་བྲན་དང་བྲན་གཡོག་ལ་མིག་རིལ་འདོན་པ་དང་། ལྕེ་འབྲེག་པ། རྐང་ལག་གཅོད་པ་སོགས་ཀྱི་ཁྲིམས་གཅོད་ནན་པོ་གཏོང་ཆོག་གི་ཡོད། ཞིང་བྲན་དང་བྲན་གཡོག་གི་ཤི་གསོན་དང་། གཉེན་སྒྲིག གནས་སྤོས་སོགས་གང་ཅིར་ཞིང་བྲན་བདག་པོས་དབང་སྒྱུར་བྱེད་པ་དང་། ཁྲལ་འུ་ལག་དང་སྐྱེད་ལྕིའི་བུ་ལོན་གྱི་བཤུ་གཞོག་མྱོང་དགོས་ཤིང་། ལོ་དང་ཟླ་བསྟུད་ནས་ངལ་རྩོལ་བྱས་ནའང་ལྟོ་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་མེད།
ཉེ་རབས་ཚུན་དུ། དབྱིན་ཇིས་བོད་ལ་དྲག་པོའི་བཙན་འཛུལ་ཐེངས་གཉིས་བྱས་ཏེ་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དང་། བོད་མི་དམངས་ཀྱི་འཚོ་གནས་དབང་ཆར་རྡོག་རོལ་བཏང་བ་མ་ཟད། བོད་མི་དམངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སོགས་ཀྱི་དབང་ཆ་ཁག་ལ་གནོད་འཚེ་བཏང་ཡོད། བཙན་རྒྱལ་རིང་ལུགས་ཕྱོགས་གཏོགས་ཀྱིས“བོད་རང་བཙན”ཟེར་བའི་གནད་དོན་བཟོས་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་དང་བོད་ས་གནས་ཀྱི་ཁ་ཕྲལ་ཕྱོགས་གཏོགས་ལ་རྒྱབ་སྐྱོར་བྱས་ཏེ་ཀྲུང་དབྱང་སྲིད་གཞུང་གི་ཁ་གཏད་དུ་ལངས་ཡོད། “བོད་རང་བཙན”ཟེར་བའི་གནད་དོན་ནི་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་འབྱུང་འབྲས་འཁྲུལ་མེད་ཅིག་ཡིན་པ་ལོ་རྒྱུས་ལས་ར་འཕྲོད་བྱུང་ཡོད།
1951ལོའི་ཟླ་5ཚེས་23ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་སྐབས་དེའི་བོད་ས་གནས་སྲིད་གཞུང་གི་དབང་ཆ་ཆ་ཚང་ཡོད་པའི་འཐུས་མིས་པེ་ཅིང་དུ《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་གྲོས་མཐུན》(བསྡུས་མིང་ལ《གྲོས་མཐུན་དོན་ཚན་བཅུ་བདུན》ཟེར)ལ་མིང་རྟགས་བཀོད་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པས། བོད་འདི་ཉིད་བཙན་རྒྱལ་རིང་ལུགས་ཕྱོགས་གཏོགས་ཀྱི་བཙན་འཛུལ་དང་དེའི་ཆབ་སྲིད་དང་དཔལ་འབྱོར་གྱི་འཆིང་རྒྱ་ལས་ཐར་བ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོབ་ནུས་ལྡན་ཐུབ་སྟེ། བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཐུན་མོང་ཐོག་ཡར་རྒྱས་དང་གོང་འཕེལ་ཡོང་བར་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་བསྐྲུན་ནས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་གོང་འཕེལ་ལ་རྨང་གཞི་བརྟན་པོ་བཏིང་ཡོད།
—— དམངས་གཙོའི་བཅོས་བསྒྱུར་ལས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རང་ཁྱིམ་རང་བདག་བྱུང་བ།
ཞི་བས་བཅིངས་འགྲོལ་བཏང་རྗེས། ཀྲུང་དབྱང་གིས་བོད་ལ་མི་རྒྱུ་དངོས་གསུམ་འབོར་ཆེན་བཏང་ནས་རྒྱབ་སྐྱོར་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་བཏང་ཡོད། འོན་ཀྱང་། བོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་ཞིང་བྲན་བདག་པོའི་གྲལ་རིམ་གྱི་ཁེ་ཕན་དང་དམིགས་བསལ་དབང་ཆར་སྲུང་སྐྱོབ་བྱ་ཆེད། དམངས་གཙོའི་བཅོས་བསྒྱུར་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནམ་ཡང་གནས་པའི་ལྐོག་ངན་བཤམས་ཏེ། 《གྲོས་མཐུན་དོན་ཚན་བཅུ་བདུན》ལ་རྐང་བཙུགས་ནས་གཏོར་བཤིག་བཏང་བ་དང་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་རབ་དང་རིམ་པ་སྤེལ་བ་མ་ཟད། 1959ལོའི་ཟླ་3ཚེས་10ཉིན་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་ནས་བོད་འདི་ཉིད་མེས་རྒྱལ་ནས་ཁ་ཕྲལ་གཏོང་བའི་རེ་ངན་བཅངས་ཡོད། རྒྱལ་ཁབ་གཅིག་གྱུར་དང་བོད་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོབ་བྱ་ཆེད། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་འཕྲལ་ཐག་ཆོད་པོས་བྱེད་ཐབས་སྤྱད་དེ། བོད་མི་དམངས་དང་མཉམ་དུ་ངོ་ལོག་ཟིང་འཁྲུག་མཐའ་གཅིག་ཏུ་ཞོད་འཇགས་བཏང་བ་དང་འབྲེལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་གཏོང་བའི་དམངས་གཙོའི་བཅོས་བསྒྱུར་གྱི་ལས་འགུལ་སྤེལ་བ་རེད།
དམངས་གཙོའི་བཅོས་བསྒྱུར་གྱིས་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་རྩ་མེད་དུ་བཏང་བ་དང་ཆོས་སྲིད་ལོགས་སུ་དབྱེ་ནས། བོད་ཀྱི་སྤྱི་ཚོགས་ཀྱི་ལམ་ལུགས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། ཐོན་སྐྱེད་རྒྱུ་ཆ་བཀས་བཀོད་རྒྱུད་འཛིན་མངའ་བདག་ལ་དབང་བའི་ལམ་ལུགས་མེད་པར་བཟོས་ཏེ་ཞིང་འབྲོག་པ་སྒེར་ལ་དབང་བའི་ལམ་ལུགས་བཙུགས་པ། “མངའ་བདག་ཆེན་པོ་གསུམ”ལ་བརྟེན་པའི་མི་ལུས་གཞན་རྟེན་གྱི་ལམ་ལུགས་མེད་པར་བཟོས་ནས་ཞིང་བྲན་དང་བྲན་གཡོག་ལ་མི་ལུས་རང་དབང་དང་བཅའ་ཁྲིམས་ཐད་འདྲ་མཉམ་གྱི་གནས་བབ་ཐོབ་པ་བཅས་བྱུང་ཡོད། དེ་རྗེས་བོད་ཀྱི་ས་གནས་ཁག་ཏུ་ཡོངས་ཁྱབ་འདེམས་བསྐོ་བྱས་ནས་གཞི་རིམ་གྱི་རིམ་ཁག་དབང་ཆའི་ལས་ཁུངས་དང་སྲིད་གཞུང་བདམས་ཐོན་བྱུང་སྟེ་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་དེ་སྔ“སྐད་ཆ་ཤོད་ཤེས་པའི་ལག་ཆར”བརྩི་བའི་གནས་བབ་ལ་རྦད་དེ་འགྱུར་ལྡོག་བྱུང་བ་དང་རང་ཁྱིམ་རང་བདག་གི་དམངས་གཙོའི་དབང་ཆ་ཐེངས་དང་པོ་ཐོབ་སྟེ་བོད་གསར་པའི་བདག་པོར་གྱུར་ཡོད། 1965ལོའི་ཟླ་9པར། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་བོད་འདི་ཉིད་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་མི་དམངས་དམངས་གཙོའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་སུ་བསྒྱུར་བའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་སྟེ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པ་དང་། ཡར་ལངས་ཞིང་བྲན་དང་བྲན་གཡོག་མང་པོ་ཞིག་གིས་རང་སྐྱོང་ལྗོངས་རིམ་ཁག་སྲིད་དབང་ལས་ཁུངས་ཀྱི་འགོ་ཁྲིད་ཀྱི་གོ་གནས་ཁུར་ཡོད། དམངས་གཙོའི་བཅོས་བསྒྱུར་ནི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་དུས་རབས་འབྱེད་པའི་ལོ་རྒྱུས་ཀྱི་དོན་ཆེན་ཞིག་རེད་ལ། མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ལོ་རྒྱུས་ཐོག་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པའི་ཡར་ཐོན་ཞིག་ཀྱང་རེད།
—— བསྒྱུར་བཅོས་སྒོ་དབྱེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ།
བསྒྱུར་བཅོས་སྒོ་དབྱེས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་ཤུགས་ཆེན་བཏང་བ་མ་ཟད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་དང་། བསྒྱུར་བཅོས་སྒོ་དབྱེའི་གནམ་ས་ཡངས་པོའི་ཁྲོད་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་དང་འགྲོ་བ་མིའི་ཐོབ་ཐང་ཁག་འཕེལ་རྒྱས་མྱུར་བའི་མགྱོགས་ལམ་དུ་བསྐྱོད་ཡོད།
བསྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མ་འཚོགས་བར། ཏང་ཀྲུང་དབྱང་གིས་བོད་ཀྱི་དོན་དངོས་ལ་གཞིགས་ནས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་འཚོགས་ཏེ། དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། ལས་འགན་གཙོ་བོ། འཕེལ་རྒྱས་འཆར་འགོད་བཅས་དུས་ཐོག་ཏུ་གཏན་འཁེལ་བྱས་པ་དང་། བོད་མགྱོགས་མྱུར་འཕེལ་རྒྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བར་དང་། དེ་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གཞི་རྩའི་བརྟན་ལྷིང་ནས་ཡུན་རིང་བདེ་འཁོད་བར་གྱི་འཐབ་ཇུས་དམིགས་ཚད་གཏན་འཁེལ་བྱས་ཡོད། བོད་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཟོས་ནས། རྒྱལ་ཁབ་ཀྱིས་འཛུགས་སྐྲུན་རྣམ་གྲངས་ལ་ཐད་ཀར་མ་དངུལ་གཏོང་བ་དང་། ཀྲུང་དབྱང་སྲིད་གཞུང་གིས་ནོར་སྲིད་ཁ་གསབ་ལག་བསྟར། རྒྱལ་ཡོངས་ཀྱིས་ཁ་གཏད་རོགས་སྐྱོར་བྱེད་པ་བཅས་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཞིག་ཆགས་ཏེ། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་ནུས་ལྡན་བཏང་བར་བརྟེན་བོད་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་མ་ཟད། མི་རིགས་ས་ཁོངས་རང་སྐྱོང་དབང་ཆ་མངོན་འགྱུར་ཡོང་བར་འགན་ལེན་གང་ལེགས་བྱུང་ཡོད།
—— དུས་རབས་གསར་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྤྱིའི་བླང་བྱ་ནས་འགོ་བཙུགས་ཏེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་བཟོས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འགོད་ཇུས་འདོན་གནང་བ་དང་། ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་འཚོགས་ཏེ། དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་དམིགས་ཚད་ལས་འགན་ཁ་གསལ་བཟོས་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ། ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་རྒྱབ་སྐྱོར་གནང་བའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་འཆར་འགོད་ལག་བསྟར། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་པ་བཅས་བྱས་ཏེ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་བརྩམས་ཡོད།
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་པར་བརྟེན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། དུས་རབས་གསར་པའི་བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ལེགས་སུ་དང་། དཔལ་འབྱོར་འཛུགས་སྐྲུན་ཕྱོགས་ཡོངས་ནས་འཕེལ་རྒྱས་མྱུར་པོ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། མི་རིགས་འཆམ་མཐུན་དང་ཆོས་ལུགས་ཞི་དུལ། རིག་གནས་བྱ་གཞག་དར་རྒྱས་དང་ཡར་ཐོན། སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཉིན་རེ་བཞིན་བརྟན་པ། ཁྲིམས་ལྟར་བོད་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཐུབ་པ་བཅས་བྱུང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཡར་ལངས་ནས་ཕྱུག་པོར་གྱུར་བ་ནས་སྟོབས་ལྡན་དུ་གྱུར་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བསུས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱང་ལམ་གསར་པར་བསྐྱོད་ཡོད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་མར་ཁེ་སི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཏེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་གྲུབ་འབྲས་ཐོབ་པའི་ལག་ལེན་ལ་ཕྱོགས་སྡོམ་བྱས་ནས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་ཉམས་མྱོང་བསགས་ཡོད་པ་སྟེ།
ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཡོད། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྩ་བའི་དམིགས་ཡུལ་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པར་བྱས་ནས། མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་མཉམ་ཤི་མཉམ་གསོན་བྱས་ཡོད། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་འབད་བརྩོན་ལྷོད་མེད་ཀྱི་དོན་གཉེར་ཞིག་ཡིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་དོན་གཙོ་བོ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པས་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཚེ་གཞི་ནས་བོད་མི་དམངས་རང་ཁྱིམ་རང་བདག་དངོས་འབྲེལ་མངོན་འགྱུར་དང་འགན་ལེན་ཐུབ་པ་དང་། གཞི་ནས་བོད་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོབ་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་ཐུབ་པ། གཞི་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩ་བའི་འགན་ལེན་བྱེད་ཐུབ།
མི་དམངས་ཀྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་མཐའ་གཅིག་ཏུ་བྱས་ཡོད། མི་དམངས་རང་བཞིན་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་འགྲོ་ལམ་ཐོག་གི་མངོན་གསལ་དོད་ཤོས་ཀྱི་ཁྱད་ཆོས་ཤིག་རེད། འགྲོ་བ་མིའི་ཐོབ་ཐང་ནི་མི་ཁག་གཅིག་གམ་ཡང་ན་མི་ཉུང་ཤས་ཀྱིས་ལོངས་སུ་སྤྱོད་པའི་དམིགས་བསལ་དབང་ཆ་ཞིག་མ་ཡིན་པར། དེ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་ལོངས་སུ་སྤྱོད་པའི་ཀུན་ཕན་རང་བཞིན་གྱི་འགྲོ་བ་མིའི་ཐོབ་ཐང་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་མཐའ་འཁྱོངས་བྱས་ནས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་གང་ལེགས་བྱས་ཏེ་མི་དམངས་རྣམས་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་གཏོང་བའི་ནང་ཞུགས་མཁན་དང་། སྐུལ་འདེད་གཏོང་མཁན། ཕན་པ་ཐོབ་མཁན་བཅས་གཙོ་བོར་འགྱུར་བར་བྱས་ཡོད།
བོད་ཀྱི་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་ལ་དམ་འཛིན་ཡག་པོ་བྱས་ཏེ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཡོད། འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། ཚང་མར་གཅིག་གྱུར་སྲུང་སྐྱོབ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་དགོས་པ། ཚང་མར་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། ཚང་མས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་བར་ཕན་འདོགས་དགོས་པ་བཅས་མཐའ་འཁྱོངས་བྱས་ཡོད།
འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་གཙོ་བོར་འཛིན་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མཐའ་འཁྱོངས་བྱས་ཡོད། འཚོ་གནས་ནི་འགྲོ་བ་མིའི་ཐོབ་ཐང་མཐའ་དག་ལོངས་སུ་སྤྱོད་པའི་རྨང་གཞི་ཡིན་པ་དང་། མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་དེ་ཡིན། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་བོད་མི་དམངས་ཀྱི་འཚོ་གནས་དབང་ཆ་འགན་སྲུང་དང་བོད་མི་དམངས་ཀྱི་འཕེལ་རྒྱས་དབང་ཆ་མངོན་འགྱུར་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས། འཕེལ་རྒྱས་ནི་མི་དམངས་ཀྱི་ཆེད་དུ་དང་། འཕེལ་རྒྱས་ནི་མི་དམངས་ལ་བརྟེན་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བཅས་མཐའ་འཁྱོངས་བྱས་ཏེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་དང་འཕེལ་རྒྱས་དོ་མི་སྙོམས་ཤིང་གང་ལེགས་མ་བྱུང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་དེ་བས་སྤུས་ཚད་མཐོ་བ་དང་། དེ་བས་ལས་ཆོད་ཆེ་བ། དེ་བས་དྲང་གཞག་ལྡན་པ། དེ་བས་རྒྱུན་མཐུད་ཆོག་པ། དེ་བས་བདེ་འཇགས་ལྡན་པ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་བྱས་ཡོད།
བདེ་འཇགས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མཐའ་འཁྱོངས་བྱས་ཡོད། བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་དང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་ལ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ས་ཁུལ་གཙོ་གནད་ཅིག་ཀྱང་རེད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ་དང་། ཁ་ཕྲལ་ལ་ངོ་རྒོལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་དམངས་འཚོ་འགན་སྲུང་གི་རྨང་གཞིའི་ལས་དོན་དུ་བརྩིས་ནས་བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡག་པོ་ཡོང་བ་དང་། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ལྡན་པའི་འགན་ལེན་བྱས་ཏེ་བདེ་འཇགས་དང་བརྟན་ལྷིང་གི་ཁོར་ཡུག་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་བར་ཆ་རྐྱེན་བཟང་པོ་བསྐྲུན་པ་དང་རྨང་གཞི་བརྟན་པོ་བཏིང་ཡོད།
ཁྲིམས་ལྟར་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་མཐའ་འཁྱོངས་བྱས་ཡོད། ཁྲིམས་སྐྱོང་ནི་འགྲོ་བ་མིའི་ཐོབ་ཐང་གི་གོ་ཆོད་ཤོས་ཀྱི་འགན་སྲུང་ཞིག་རེད། བོད་ཀྱིས་ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པས། བོད་ཀྱི་མི་རིགས་ཁག་གི་མི་དམངས་རང་ཁྱིམ་རང་བདག་བྱུང་ནས་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་དང་ས་ཁུལ་དེ་ག་དང་མི་རིགས་དེ་གའི་ལས་དོན་རང་བདག་གིས་དོ་དམ་བྱེད་པའི་ཁྲོད་འདྲ་མཉམ་ངང་ཞུགས་པའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དེ་བོད་ཀྱི་ཁྲིམས་འཛུགས་དང་། ཁྲིམས་སྒྱུར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་ཁག་ནང་ཁྱབ་པར་བྱས་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་སྐྱོང་ཅན་གྱི་འགན་སྲུང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་སྲུང་སྐྱོང་བྱས་ཡོད།
གཉིས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱ་ཁྱབ་དང་། དོན་དངོས། གོ་ཆོད་བཅས་བྱུང་བ།
ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་དམངས་གཙོའི་རིན་ཐང་དང་འདུ་ཤེས་དེ་ཚན་རིག་དང་མཐུན་ཞིང་གོ་ཆོད་པའི་ལམ་ལུགས་བཀོད་སྒྲིག་དང་ཞིབ་ཕྲའི་དོན་དངོས་ཀྱི་དམངས་གཙོའི་ལག་ལེན་དུ་བསྒྱུར་བ་མཐའ་འཁྱོངས་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་བ་དང་། མི་དམངས་དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་གྲོས་མོལ། དམངས་གཙོའི་ཐབས་ཇུས། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་ནང་ཞུགས་པར་འགན་སྲུང་བྱས་ཏེ། མི་དམངས་རང་ཁྱིམ་རང་བདག་གི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་གཏོང་བ། ཕན་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་པས། བོད་ཀྱི་མི་དམངས་ལ་དེ་བས་རྒྱ་ཁྱབ་འཐུས་ཚང་དང་། དོན་དངོས་དང་ཞིབ་ཕྲ། ནུས་ལྡན་གོ་ཆོད་བཅས་ཀྱི་དམངས་གཙོའི་དབང་ཆ་ཁྲིམས་ལྟར་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
—— མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ།
མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ས་ཁུལ་དེ་ག་དང་མི་རིགས་དེ་གའི་ལས་དོན་ལ་རང་བདག་གིས་དོ་དམ་བྱེད་པའི་དབང་ཆ་ལོངས་སུ་གང་ལེགས་སྤྱོད་ཐུབ་པའི་འགན་སྲུང་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲོད་བོད་རིགས་སྤྱི་དམངས་ཀྱིས་ཀྲུའུ་རེན་ནམ་ཡང་ན་ཀྲུའུ་རེན་གཞོན་པའི་འགན་འཁུར་བ་དང་བོད་རིགས་སྤྱི་དམངས་ཀྱིས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའི་འགན་ཁུར་བཞིན་ཡོད། མིག་སྔར་བོད་དུ་ཞིང་ཆེན་རིམ་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་26དང་ས་ཁུལ་དང་ཐིང་རིམ་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་512ཡོད་པ་དང་། ས་ཁུལ(གྲོང་ཁྱེར)དང་རྫོང(ཆུས་དང་གྲོང་ཁྱེར)གི་ཏང་སྲིད་ཀྱི་གོ་གནས་རྒན་པ་མང་ཆེ་བ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་འཁུར་བཞིན་ཡོད། ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་ནང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་57.17%ཡན་བཟུང་ཡོད། ལྷོ་ཁ་དང་། ཉིང་ཁྲི། ཆབ་མདོ་བཅས་གྲོང་ཁྱེར་གསུམ་གྱི་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་དུ་མི་རིགས་ཤང་ཁྱོན་8བཙུགས་པའི་ནང་མོན་པ་རིགས་ཀྱི་ཤང་5དང་ལྷོ་པ་རིགས་ཀྱི་ཤང་3ཡོད་པ་དེ་དག་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་འདྲ་མཉམ་ངང་ས་གནས་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱས་ཡོད།
—— འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་འགན་སྲུང་ནན་པོ་བྱས་པ།
བོད་དུ་ལོ་བཅོ་བརྒྱད་ལ་སླེབས་པའི་སྤྱི་དམངས་ཀྱིས་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་ཁྲིམས་ལྟར་ལོངས་སུ་སྤྱོད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་མི་རིགས་ཁག་གི་སྤྱི་དམངས་ཀྱིས་རྫོང(ཆུས་དང་གྲོང་ཁྱེར)དང་། ཤང(གྲོང་རྡལ)མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཐད་ཀར་འདེམས་བསྐོ་བྱེད་པ་དང་། དེའི་རྨང་གཞིའི་ཐོག་གྲོང་ཁྱེར་དང་། རང་སྐྱོང་ལྗོངས། རྒྱལ་ཡོངས་བཅས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རིམ་བཞིན་བདམས་ནས་རྒྱལ་ཁབ་དང་ས་གནས་ཀྱི་དོན་དག་ལ་དོ་དམ་བྱེད་པའི་ནང་ཞུགས་ཀྱི་ཡོད་པས། དམངས་གཙོའི་འདེམས་བསྐོར་རྒྱ་ཁྱབ་རང་བཞིན་དང་། འདྲ་མཉམ་རང་བཞིན། དོན་དངོས་རང་བཞིན། འཕེལ་རྒྱས་རང་བཞིན་བཅས་ལྡན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་རྫོང་དང་ཤང་གི་སྐབས་བརྗེའི་འདེམས་བསྐོ་ཐེངས་གཉིས་བྱེད་རིང་འདེམས་དམངས་90%ཡན་རྫོང་དང་ཤང་གི་ཐད་ཀའི་འདེམས་བསྐོའི་ནང་ཞུགས་པ་དང་། ས་གནས་ཁག་གཅིག་གི་འདེམས་བསྐོའི་ནང་ཞུགས་ཚད་100%ཟིན་ཡོད། མིག་སྔར་བོད་དུ་རིམ་པ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་42153ཡོད་པའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་89.2%བཟུང་བ་དེ་2016ལོའི་སྐབས་བརྗེའི་འདེམས་བསྐོ་དང་བསྡུར་ན་2021ལོའི་སྐབས་བརྗེའི་འདེམས་བསྐོའི་ཁྲོད་རྫོང་དང་ཤང་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྐལ་གྲངས་6500ཙམ་མང་དུ་ཕྱིན་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པར་ཁྱོན་བསྡོམས་འཐུས་མི་428ཡོད་པའི་ནང་། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མི་ཁྱོན་བསྡོམས་280ཡོད་པ་དེས་65.42%བཟུང་ཡོད། བོད་དུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་ཁྱོན་བསྡོམས་25ཡོད་པའི་ནང་། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མི་17ཡོད་པ་དེས་68%བཟུང་བ་དང་མོན་པ་རིགས་དང་ལྷོ་པ་རིགས་སོགས་མི་འབོར་ཅུང་ཉུང་བའི་མི་རིགས་ལའང་རང་རང་སོ་སོའི་འཐུས་མི་ཡོད། (པར་ངོས་ལྔ་པར་གཟིགས)(པར་ངོས་གསུམ་པར་མཐུད) གཞི་རིམ་མང་ཚོགས་ཀྱིས་རང་སྐྱོང་ལག་བསྟར་བྱས་ནས་གྲོང་མིའི(གྲོང་ལྷན)ཚོགས་ཆེན་དང་། འདེམས་བསྐོ་ཨུ་ལྷན་འཛུགས་པ། འདེམས་དམངས་ཐོ་འགོད། འོས་སྦྱོར་མིང་འདོན། འོས་མི་གཏན་འཁེལ། འདེམས་ཤོག་འཕངས་ནས་འདེམས་བསྐོ་སོགས་ཀྱི་ལྷུ་ཚིགས་ཚད་ལྡན་དུ་བཏང་བ་དང་། 2021ལོར་ཁྱོན་བསྡོམས་གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”5535ཡི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད།
—— གནས་ཚུལ་ཤེས་དབང་དང་ཞུགས་པའི་དབང་ཆ་འགན་སྲུང་གང་ལེགས་བྱུང་བ།
ཆ་འཕྲིན་ཡོངས་བསྒྲགས་ལ་མུ་མཐུད་སྐུལ་འདེད་བཏང་ཡོད། བོད་ཀྱི་རིམ་ཁག་སྲིད་གཞུང་གིས་སྲིད་དོན་ཡོངས་བསྒྲགས་ལམ་ལུགས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ལ་སྐུལ་འདེད་བཏང་ཡོད། སྲིད་གཞུང་གི་གཙོ་ཆེའི་དྲ་ཚུགས་དང་། སྲིད་དོན་གྱི་སྨྱན་སྦྱོར་གསར་པ། སྲིད་གཞུང་གི་སྤྱི་བསྒྲགས་སོགས་གཞི་རྟེན་བརྒྱུད། སྤྱི་ཚོགས་ཀྱི་དོ་ཁུར་ལ་དམིགས་ནས་འབྲེལ་ཡོད་ཡིག་ཆ་ཁྱབ་བསྒྲགས་བྱས་ཏེ་ཁྲིམས་གཏན་འཁེལ་བ་དང་རང་འགུལ་ཡོངས་བསྒྲགས་ཀྱི་ནང་དོན་ཚང་མ་ཡོངས་བསྒྲགས་བྱས་ཡོད། གྲོང་དོན་ཡོངས་བསྒྲགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་ཆེད། 2019ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་གྲོང་དོན་ཡོངས་བསྒྲགས་བྱ་ཐབས》ཁྱབ་བསྒྲགས་བྱས་ནས་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་གྲོང་དོན་ཡོངས་བསྒྲགས་སྒྲོམ་སྟེགས་དང་། གྲོང་མིའི་འཐུས་ཚོགས། དྲ་རྒྱ། རྒྱང་བསྒྲགས། ལག་ཐོགས་ཁ་པར་གྱི་འཕྲིན་ཐུང་། སྐད་འཕྲིན། “གསལ་འབྱེད་གཱ”སོགས་ཀྱི་ཐབས་ལམ་བརྒྱུད་གྲོང་དོན་ཡོངས་བསྒྲགས་ཕྱོགས་ཡོངས་ལ་ཁྱབ་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
དམངས་གཙོའི་ཞུགས་ཐབས་དང་ཐབས་ལམ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྗོངས་ཡོངས་སུ་གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་10བཙུགས་ནས་མང་ཚོགས་ལ་འབྲེལ་གཏུག་རྒྱ་ཁྱབ་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པའི་གཞི་རྟེན་གལ་ཆེན་བསྐྲུན་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་མང་ཚོགས་ལ་འབྲེལ་བ་བྱེད་པའི་ལས་ཀའི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་བ་དང་། རིམ་ཁག་འཐུས་མིས་འདེམས་དམངས་ལ་འབྲེལ་གཏུག་དང་སྣེ་ལེན་རྒྱ་ཁྱབ་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་པ་མ་ཟད། གྲོང་གསེབ་དར་རྒྱས་དང་། ཞིང་འབྲོག་པར་འབབ་འཕར་ཡོང་བ། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་སོགས་གཙོ་གནད་ལས་དོན་ལ་དམིགས་ཏེ་མང་ཚོགས་ཀྱི་སེམས་འདུན་ཉན་ནས་གནད་དོན་ཐག་གཅོད་རོགས་བྱས་ཡོད། 2024ལོའི་ལོ་མཇུག་བར། བོད་ཀྱིས་ཁྱོན་བསྡོམས་“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་ཚང”790བཙུགས་ཤིང་། གྲོང་ཚོ(སྡེ་ཁུལ)ཚང་མར་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུག་ས་ཚིགས་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས་ལ་འབྲེལ་གཏུག་གི་བྱེད་སྒོ་ཁང་བཙུགས་ནས་མི་དམངས་མང་ཚོགས་ལ་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཞུ་བའི་ལས་སྟེགས་ནུས་ལྡན་མཁོ་འདོན་བྱས་པ་མ་ཟད། མི་དམངས་འཐུས་མི་ཚོགས་ཆེན་གྲོལ་རྗེས་འཐུས་མི་ཚོས་ལས་འགན་སྒྲུབ་པའི་བྱེད་སྒོ་སྔར་བས་རྒྱུན་རྣམ་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ཡོང་བར་བྱས་ཡོད། གྲོང་གསེབ་ཀྱི་ཡུལ་མིའི་འཐུས་མི་ཚོགས་འདུ་དང་། གྲོང་ཁྱེར་སྡེ་ཁུལ་གྱི་གྲོང་མིའི་འཐུས་མི་ཚོགས་འདུ། ལས་བཟོའི་འཐུས་མི་ཚོགས་འདུ་བཅས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཞིང་། གཞི་རིམ་གྱི་འདེམས་བསྐོ་དང་། དོན་གྲོས། ཡོངས་བསྒྲགས། འགན་སྒྲུབ་གསལ་ཞུ། འགན་འཁྲི་རྩད་གཅོད་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་གྱི་དམངས་གཙོ་ལག་ལེན་དེ་བས་རྒྱ་ཁྱབ་དང་། དོན་དངོས། གསོན་ཉམས་དོད་པ་བཅས་ཡོང་བར་སྐུལ་འདེད་བཏང་ཡོད།
གྲོས་མོལ་དམངས་གཙོའི་ནུས་པ་གང་ལེགས་བཏོན་ཡོད། བོད་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་ཀྱིས་གྲོས་མོལ་བྱེད་སྟངས་གསར་གཏོད་དང་། གྲོས་མོལ་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། གྲོས་མོལ་གྱི་ལས་སྟེགས་བསྐྲུན་པ་བཅས་བྱས་ཏེ། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་རྒྱ་ཁྱབ་ངང་བསྡུས་ནས་སྲིད་ཞུགས་སྲིད་གླེང་གིས་སྲིད་གྲོས་ཀྱི་ཚང་འཛོམས་གྲོས་ཚོགས་སྣེ་ཁྲིད་དུ་བྱེད་པ་དང་། ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་ཆེད་དོན་གྲོས་མོལ་བཞུགས་མོལ་ཚོགས་འདུ་གཙོ་གནད་དུ་བྱེད་པ། གྲོས་འགོ་སྒྲུབ་གཉེར་གྲོས་མོལ་དང་། རིགས་ཁོངས་གྲོས་མོལ། ཁ་གཏད་གྲོས་མོལ་སོགས་རྒྱུན་རྣམ་དུ་བྱས་པའི་གྲོས་མོལ་སྲིད་གླེང་གི་རྣམ་པ་ཞིག་ཆགས་ཡོད། བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་29ཡི་ཁྲོད་གྲངས་ཉུང་མི་རིགས་ཀྱི་ཨུ་ཡོན་གྱིས་93.1%བཟུང་ཡོད། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ལ་ཁྱོན་བསྡོམས་ཨུ་ཡོན་429ཡོད་པའི་ནང་ཏང་ཕྱིའི་ཨུ་ཡོན་གྱིས་59.91%བཟུང་ཡོད། རྫོང(ཆུས་དང་གྲོང་ཁྱེར)74ལ་སྲིད་གྲོས་ཀྱི་རྩ་འཛུགས་ཡོངས་སུ་ཁྱབ་པ་དང་། སྲིད་གྲོས་ཀྱི་ཨུ་ཡོན་8000ལས་བརྒལ་བའི་ནང་85%ནི་གྲངས་ཉུང་མི་རིགས་རེད། སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ལ་2013ལོ་ནས་2024ལོའི་བར་ཁྱོན་བསྡོམས་གྲོས་འགོ་5095འབྱོར་བ་དང་གྲོས་འགོ་4920ཐོ་འགོད་བྱས་ནས་སྒྲུབ་ལན་སྤྲོད་ཚད་100%ཟིན་ཡོད། 2018ལོ་ནས་2024ལོའི་བར་སྙན་ཞུ་དང་། གྲོས་ཆོད། གྲོས་འདོན་ཡི་གེ་བཅས་159གྲུབ་ཡོད།
—— བསམ་ཚུལ་ཤོད་དབང་དང་ལྟ་སྐུལ་དབང་ཆ་འགན་སྲུང་ནུས་ལྡན་བྱས་པ།
བསམ་ཚུལ་ཤོད་པ་དང་ལྟ་སྐུལ་གྱི་ཐབས་ལམ་སྔར་བས་སྣ་མང་ཅན་དུ་གྱུར་ཡོད། བོད་ཀྱིས་རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར། དུས་དེབ་སོགས་སྲོལ་རྒྱུན་སྨྱན་སྦྱོར་ཡག་པོ་གཉེར་བ་དང་ཆབས་ཅིག་དྲ་བའི་ལས་སྟེགས་སྣ་ཚོགས་བཙུགས་ནས་སྤྱི་དམངས་ཀྱི་བསམ་ཚུལ་ཤོད་པའི་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་བཏང་ཡོད། སྲིད་དོན་ཞབས་ཞུའི་ལྟ་སྐུལ་ཐེར་འདོན་དང་ཚོད་སྐོར་གདེང་འཇོག་ཚད་ལྡན་དུ་བཏང་བ་དང་། “12345”སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་བཙུགས་ནས་སྤྱི་ཚོགས་ཀྱི་དོ་ཁུར་ལ་འཕྲལ་མར་ལན་བཏབ་ཡོད། 《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཞུ་བཅར་དུ་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུས་པ་མ་ཟད། རང་འགུལ་ངང་གཞི་རིམ་དུ་བསྐྱོད་དེ་ཞུ་བཅར་དང་ལེན་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ཡོད། དྲ་ཐོག་ཡིག་འབུལ་ཞུ་བཅར་གྱི་ལམ་ལུགས་རྒྱ་ཆེར་ཧུར་ཐག་བཏང་བས་ཡིག་འབུལ་ཞུ་བཅར་གྱི་དོན་དག་དྲ་ཐོག་ནས་སྒྲུབ་པ་དང་དྲ་ཐོག་ནས་གཏོང་བའི་ལས་ཀའི་ལམ་སྲོལ་ཆགས་ཡོད། 2022ལོའི་ཟླ་3པར། བོད་རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་ཀྱིས“བོད་ལྗོངས་ཐོགས་མེད་ཞུ་བཅར”སོགས་སྐད་འཕྲིན་སྤྱི་རྟགས་དང་ལག་ཐོགས་ཁ་པར་གྱི་APPབཏོན་པས་དྲ་ཐོག་ཡིག་འབུལ་ཞུ་བཅར་དེ་བས་སྟབས་བདེ་རུ་ཕྱིན་པ་དང་དགའ་བསུ་ཐོབ་ཡོད།
དམངས་གཙོའི་ལྟ་སྐུལ་དེ་བས་འཐུས་ཚང་བྱུང་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་། བཅའ་ཁྲིམས་ཀྱི་ལྟ་སྐུལ། ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ། སྤྱི་ཚོགས་ཀྱི་གླེང་ཕྱོགས་ལྟ་སྐུལ་སོགས་ཀྱི་ནུས་པ་གང་ལེགས་བཏོན་ཡོད། 2018ལོ་ནས་2024ལོའི་བར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ལས་དོན་སྙན་སྒྲོན་ཁག་199གསན་ནས་གྲོས་ཞིབ་བྱས་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར(ཐེངས)59བྱས་པ། བརྟག་ཞིབ་ཐེངས་146སྒྲིག་འཛུགས་བྱས་ནས་སྤེལ་བ་མ་ཟད། འབྲེལ་ཡོད་བསམ་འཆར་དང་གྲོས་འགོ་ཁག་1296བཏོན་ཡོད། བོད་བཞུགས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་ཁྲིམས་སྒྱུར་ཞིབ་བཤེར་དང་། ཆེད་དོན་བརྟག་ཞིབ། གཅིག་སྡུད་ལྟ་ཞིབ་བཅས་ནང་ཁྱོན་བསྡོམས་འཐུས་མི་མི་ཐེངས་975ཞུགས་པས་མི་རིགས་ཁག་གི་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་མངོན་འགྱུར་ཡོང་བར་འགན་སྲུང་ཐུབ་ཡོད། 2018ལོ་ནས་2024ལོའི་བར། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་རུ་སྣེ་ཁྲིད་དེ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཐེངས་49བྱས་ནས་གནད་དོན་353ཤེས་རྟོགས་བྱུང་བ་དང་འབྲེལ་མཐུན་སྦྱོར་ཐག་གཅོད་ཀྱང་བྱས་ཡོད། སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་བྱས་ནས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་དང་སྤྱི་ཚོགས་བཅོས་སྐྱོང་གི་དཀའ་གནད་ལ་དམ་པོར་དམིགས་ཏེ་བརྟག་ཞིབ་གཏིང་ཟབ་བྱས་པ་དང་འབྲེལ། བསམ་འཆར་འདོན་པ་དང་། སྐྱོན་བརྗོད་བྱེད་པ། གྲོས་འགོ་འདོན་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དམངས་གཙོའི་ལྟ་སྐུལ་བྱས་ཡོད། ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱིས《སྲིད་དོན་བགྲོ་གླེང》ལེ་ཚན་བཏོད་ནས་མི་དམངས་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་དང་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་ལ་དམིགས་ནས་སྲིད་དོན་བགྲོ་གླེང་དང་ལྟ་སྐུལ་བྱས་ཡོད།
གསུམ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁེ་དབང་འགན་སྲུང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ།
བོད་ཀྱིས་འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་པ་དང་། འཕེལ་རྒྱས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁེ་དབང་འགན་སྲུང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བར་བརྟེན། བོད་ཀྱི་མི་དམངས་ཀྱི་འོས་འཚམ་གྱི་འཚོ་བའི་ཆུ་ཚད་ཀྱི་ཁེ་དབང་དང་། སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་། ལས་ཀའི་ཁེ་དབང་། བདེ་ཐང་གི་ཁེ་དབང་། སྤྱི་ཚོགས་འགན་སྲུང་གི་ཁེ་དབང་བཅས་ལ་འགན་སྲུང་དེ་བས་གང་ལེགས་ཐུབ་ཡོད།
—— འོས་འཚམ་གྱི་འཚོ་བའི་ཆུ་ཚད་ཀྱི་ཁེ་དབང་འགན་སྲུང་མངོན་གསལ་དོད་པོ་བྱུང་བ།
ལོ་རྒྱུས་རང་བཞིན་གྱིས་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱས་ཡོད། བོད་ནི་དེ་སྔ་རྒྱལ་ཡོངས་ནས་དབུལ་པོ་ཐོན་ཚད་མཐོ་ཤོས་དང་། དབུལ་པོའི་གནས་ཚུལ་ཚབས་ཆེ་ཤོས། དབུལ་སྐྱོར་གྱི་མ་གནས་མཐོ་ཤོས། དབུལ་སྒྲོལ་དཀའ་ཤོས་བཅས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཐབས་ཇུས་མཐའ་འཁྱོངས་བྱས་ཏེ་ཐོན་ལས་འཕེལ་རྒྱས་དང་། ཡུལ་གཞན་དུ་གནས་སྤོས། སྐྱེ་ཁམས་ཁ་གསབ། སློབ་གསོ་འཕེལ་རྒྱས། སྤྱི་ཚོགས་འགན་སྲུང་ཐ་སྐྱོང་སོགས་དབུལ་སྒྲོལ་བྱེད་ཐབས་ལག་བསྟར་ཤུགས་ཆེན་བྱས་ནས་2019ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་ཡོད། དེ་རྗེས་ཏང་དང་སྲིད་གཞུང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་མུ་མཐུད་ལག་བསྟར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་2024ལོར་བོད་ཀྱི་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་12.5%ཡན་འཕར་ཡོད།
འདང་ཞིང་འཚམ་པའི་སྡོད་ཁང་གི་ཁེ་དབང་འགན་སྲུང་བྱས་ཡོད། 2006ལོ་ནས་2024ལོའི་བར་ཀྲུང་དབྱང་དང་བོད་ཀྱིས་ཁྱོན་བསྡོམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་372.63གཤམ་སྤྲོད་བྱས་ཏེ། འགན་སྲུང་རང་བཞིན་གྱི་སྡོད་ཁང་རྒྱུན་ཆད་མེད་པར་མཁོ་འདོན་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་སྤྱི་པའི་བོགས་གཏོང་སྡོད་ཁང(ཁང་གླ་ཁེ་བའི་སྡོད་ཁང)ཁྲི་16.19དང་ལས་ཤག་ཁྲི་9.58བསྐྲུན་པ་དང་། སྡོད་ཁང་སྐྱོ་ཁུལ་ཁྲི་24.26ལ་བསྒྱུར་བཀོད་བྱས་པ། འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་ཁྲི་0.14བསྐྲུན་ཡོད། ལོ་ལྟར་མི་ཁྲི་1ལྷག་ཙམ་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་སྲུང་ཁྱིམ་ཚང་གི་བོགས་གཏོང་ཁ་གསབ་རོགས་དངུལ་ལོངས་སྤྱོད་བྱེད་ཀྱི་ཡོད། གྲོང་གསེབ་ཏུ་སྐྱེ་ཁམས་སྲུང་སྐྱོང་གནས་སྤོས་དང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས། གྲོང་གསེབ་ཀྱི་ཉེན་ཁ་ཡོད་པའི་སྡོད་ཁང་བསྒྱུར་བཀོད་སོགས་གཙོ་གནད་ལས་གྲྭ་ལག་བསྟར་བྱས་ཡོད། དུས་འགོར་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་46ལྷག་ཙམ་གྱི་སྡོད་ཁང་བསྒྱུར་བཀོད་ལས་གྲྭ་ལེགས་སྒྲུབ་བྱས་པའི་རྨང་གཞིའི་ཐོག་2016ལོ་ནས་བཟུང་གྲོང་གསེབ་ཀྱི་དུད་ཚང་ཁྲི་11.08ཀྱི་ཉེན་ཁ་ཡོད་པའི་སྡོད་ཁང་སླར་ཡང་བསྒྱུར་བཀོད་དང་ཡོམ་འགོག་བསྒྱུར་བཀོད་བྱས་ཡོད། གྲོང་གསེབ་ཀྱི་སྡོད་ཁང་ཁྲི་48.66གི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་འགན་ལེན་བྱས་ཡོད། 2024ལོར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་41.32ཟིན་པ་དེ་2012ལོ་ལས་སྨི་ངོས་གྲུ་11.74འཕར་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་སྡོད་སའི་ཁང་པ་ཡོད་པ་དང་སྡོད་དུས་གནས་བཟོད་བདེ་བ་བྱུང་ཡོད།
འགྲིམ་འགྲུལ་ལེགས་སུ་བཏང་ནས་གྲོང་མི་ཕྱིར་སྐྱོད་ལ་སྟབས་བདེ་བསྐྲུན་ཡོད། 2012ལོ་ནས་2024ལོའི་བར་བོད་ཀྱིས་རིམ་རྩིས་བྱས་ན་གཞུང་ལམ་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་4019.25བཏང་ནས་འགྲིམ་འགྲུལ་གྱི་གཙོ་གནད་ལས་གྲྭ་ཁག་གཅིག་བསྐྲུན་ཡོད། བོད་ཀྱི་ལྕགས་ལམ་གཉེར་སྐྱོང་ལམ་ཐག་2012ལོའི་སྤྱི་ལེ་701ནས་2024ལོའི་སྤྱི་ལེ་1359བར་རིང་དུ་བཏང་ཡོད། རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་ལམ་183ཟིན་པ་དང་མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་78ཟིན་ཡོད། 2012ལོའི་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་6.52ནས་2024ལོའི་ལོ་མཇུག་བར་གྱི་སྤྱི་ལེ་ཁྲི་12.49བར་རིང་དུ་ཕྱིན་ཡོད། གྲོང་གསེབ་དང་རི་ཁུལ་གྱི་གཞུང་ལམ་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཞིང་། 2024ལོའི་ལོ་མཇུག་བར། ཤང་དང་གྲོང་རྡལ་དང་དེ་བཞིན་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་100%དང་ཤར་གཏོང་ཡག་པོ་ཐུབ་ཚད་97.99%དང་86.05%ཟིན་ཡོད། 2012ལོ་ནས་2024ལོའི་བར་གྲོང་གསེབ་ཀྱི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་5.32ནས་སྤྱི་ལེ་ཁྲི་9.48བར་རིང་དུ་བཏང་བ་དང་རིམ་མཐོའི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་38ནས་སྤྱི་ལེ་1196བར་རིང་དུ་ཕྱིན་ཡོད། རྫོང(ཆུས་དང་གྲོང་ཁྱེར)ཡོངས་དང་། ཤང་དང་གྲོང་རྡལ་623 སྒྲིག་ཚུད་གྲོང་ཚོ་3869བཅས་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཡོད། འགྲིམ་འགྲུལ་དམངས་ཕན་གྱི་བྱེད་ཐབས་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ཞིང་། བོད་ཀྱི་ས་ཁུལ(གྲོང་ཁྱེར)7དང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་329ལ་སྤྱི་སྤྱོད་རླངས་འཁོར་གྱི་གཱ་གཅིག་ཀུན་ཁྱབ་ཕན་ཚུན་སྦྲེལ་མཐུད་ཐུབ་པ་དང་། ལོ་60ཡན་གྱི་རྒན་རྒོན་སྤྱི་སྤྱོད་རླངས་འཁོར་ལ་སྡོད་པར་རིན་པ་མི་དགོས་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད།
གློག་སྤྱོད་དཀའ་བའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱུང་ཡོད། 2011ལོ་ནས་བཟུང་བོད་ཀྱིས་གློག་མེད་པའི་ས་ཁུལ་དུ་གློག་ཤུགས་འཛུགས་སྐྲུན་གྱི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱས་པ་མ་ཟད། ཆུ་ནུས་དང་། ཉི་ནུས། རླུང་ནུས་སོགས་ནུས་རྒྱུ་གཙང་མ་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་བས་ནུས་རྒྱུ་གཙང་མའི་འཕྲུལ་འཁོར་ནས་གློག་བཏང་བའི་བསྡུར་ཚད་95%ལས་བརྒལ་ཡོད། 2020ལོའི་ཟླ་12པར་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལས་བརྒལ་བའི་མངའ་རིས་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་པར་བརྟེན། བོད་ཀྱི་གཅིག་གྱུར་གློག་དྲ་དང་དེ་བཞིན་གློག་དྲ་ཆེ་གྲས་བསྐྲུན་པས་ལྗོངས་ཡོངས་ཀྱི་རྫོང(ཆུས་དང་གྲོང་ཁྱེར)74དང་ཤང་དང་གྲོང་རྡལ་གཙོ་བོ་ཚང་མར་གློག་གཏོང་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། 2012ལོའི་གློག་སྤྱོད་མཁན་མི་འབོར་ཁྲི་175ནས་2024ལོའི་མི་ཁྲི་350ཙམ་བར་མང་དུ་ཕྱིན་པ་དང་གློག་བརྟན་པོ་གཏོང་ཚད་99.6%ཟིན་ཡོད། 2024ལོར་བོད་ཀྱི་མི་རེའི་ཆ་སྙོམས་གློག་ཤུགས་འཛད་སྤྱོད་ཆུ་ཚོད་ཆན་ཝ་4404.8ཟིན་པ་དེ་2012ལོའི་དུས་མཚུངས་ལས་162.89%འཕར་ཡོད།
གློག་འཕྲིན་ཀུན་ཕན་ཞབས་ཞུ་ལེགས་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད། བོད་ཀྱིས་གྲངས་འཛིན་བོད་ལྗོངས་དང་རིག་ལྡན་བོད་ལྗོངས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ཞིང་། 2024ལོའི་བར་བོད་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་འོད་ཁྲིད་ཚི་སྐུད་དང་4Gདྲ་རྒྱ་ཤར་གཏོང་ཐུབ་པ་དང་། 10G-PONདང་དེ་ཡན་གྱི་མཐུད་སྣེའི་གཞི་ཁྱོན་ཁྲི་8.1ཟིན་པ། ཀྲའོ་སྟོང་གི་འོད་ཁྲིད་ཚི་སྐུད་དྲ་རྒྱ་དུད་ཚང་ཁྲི་287ལ་ཁྱབ་པ། གཏན་འཇགས་དྲ་སྦྲེལ་དང་དྲ་རྒྱ་དུད་ཚང་ཁྲི་159.2ལ་ཁྲིད་ཡོད། 5Gསྦྲེལ་ཚུགས་བསྡོམས་འབོར་17881ཟིན་པ་དང་། ཤང་དང་གྲོང་རྡལ་ཚང་མ་དང་སྲིད་འཛིན་གྲོང་ཚོ་70%ལ་5Gདྲ་རྒྱ་ཤར་གཏོང་ཐུབ་པ། སྒུལ་བདེའི་དྲ་སྦྲེལ་སྤྱོད་མཁན་དུད་ཚང་ཁྲི་331.4ཟིན་པ། 5Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུད་ཚང་ཁྲི་214ཟིན་ནས་སྒུལ་བདེའི་ཁ་པར་སྤྱོད་མཁན་བསྡོམས་འབོར་གྱི་60.5%བཟུང་ཡོད། 2015ལོའི་ལོ་མཇུག་གི་སྒུལ་བདེའི་རྒྱུག་འབོར་གྱི་གྲོན་དངུལ་Gགཅིག་ལ་སྒོར་128.1ནས་2024ལོའི་ལོ་མཇུག་བར་གྱི་Gགཅིག་ལ་སྒོར་1.8བར་ཆག་ནས་ཆག་ཚད་98.6%ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་མགྱོགས་ལ་སྤུས་ཚད་ལེགས་པའི་ཆ་འཕྲིན་ཞབས་ཞུ་ཡོངས་ཁྱབ་ངང་སྤྱོད་རྒྱུ་བྱུང་ནས་ཆ་འཕྲིན་འདྲ་མཉམ་མཉམ་སྤྱོད་ལ་སྐུལ་མ་ཐེབས་ཡོད།
—— སློབ་གསོ་དང་ལེན་གྱི་ཁེ་དབང་འགན་སྲུང་གང་ལེགས་ཐུབ་པ།
སློབ་གསོ་འགན་སྲུང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད། བོད་ཀྱིས་མི་རིགས་ཁག་གི་མི་དམངས་ཀྱིས་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བཅངས་པའི་རེ་སྒུག་དང་གང་ལེགས་བསྟུན་ནས་2012ལོ་ནས་བཟུང་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་བུ་ཕྲུག་གི“ཟ་སྡོད་འགན་ལེན་དང་གཞི་རྩའི་སློབ་ཡོན་འགན་ལེན་བྱེད་པའི”འགྲོ་གྲོན་ཚད་གཞི་སྔ་རྗེས་སུ་ཐེངས་11མཐོ་རུ་བཏང་ནས་མིག་སྔར་ལོ་ལྟར་སློབ་མ་རེའི་ཆ་སྙོམས་ཚད་གཞི་སྒོར་5620(དེའི་ནང་འཚོ་བཅུད་ལེགས་གཏོང་གི་འཆར་གཞིའི་དངུལ་སྒོར་1000ཚུད་པ)ཟིན་ཡོད། 2014ལོ་ནས་2024ལོའི་བར་བོད་ཀྱིས་རིམ་རྩིས་བྱས་ན་ནོར་སྲིད་རང་བཞིན་གྱི་སློབ་གསོའི་འགྲོ་གྲོན་སྒོར་དུང་ཕྱུར་3022.5བཏང་ཡོད། 2024ལོའི་བར་བོད་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཁྱོན་3618དང་། ལས་ཐོག་དགེ་རྒན་དང་ལས་བཟོ་ཁྲི་9.66ཡོད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མའི་བསྡོམས་འབོར་ཁྲི་97ཟིན་ནས་བོད་ཀྱི་མི་འབོར་བསྡོམས་འབོར་གྱི་1/4ལྷག་ཙམ་ཟིན་ཡོད། 2024ལོར་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་2.54བཏང་ནས་བུ་བཅོལ་ཁང་25གསར་སྐྲུན་རྒྱས་སྐྲུན་བྱས་པ་དང་། ས་ཁུལ(གྲོང་ཁྱེར)དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་སློབ་ཞུགས་གོང་གི་སློབ་གསོའི་སྤྱི་པའི་ཞབས་ཞུའི་དྲ་རྒྱ་བསྐྲུན་པ་དང་མིག་སྔར་ཁྱོན་བསྡོམས་བུ་བཅོལ་ཁང་2474བསྐྲུན་ཡོད། དབུས་ནུབ་རྒྱུད་ཀྱི་དར་རྒྱས་འགོར་བའི་ས་ཁུལ་གྱི་ཕུལ་བྱུང་དགེ་རྒན་འགྲོ་ཁུངས་གཏན་འཁེལ་གྱི་གསོ་སྐྱོང་འཆར་གཞི་དང་། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་གྱི་རྒྱལ་ཁབ་རིམ་པའི་གསོ་སྦྱོང་འཆར་གཞི། ལས་རིགས་སློབ་གླིང་གི་དགེ་རྒན་གྱི་བྱང་ཚད་མཐོར་གཏོང་འཆར་གཞི། ས་བབ་མཐོ་ལ་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་གྱི་དགེ་རྒན་འགྲོ་ཁུངས་གཏན་འཁེལ་གྱི་གསོ་སྐྱོང་འཆར་གཞི། གྲོང་གསེབ་དགེ་རྒན་གྱི་གསོ་སྐྱོང་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་སོགས་མུ་མཐུད་ལག་བསྟར་བྱས་པས་དགེ་རྒན་དཔུང་ཁག་གི་སྤྱི་ཡོངས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།
སློབ་གསོ་ཁྱབ་གདལ་གྱི་ཆུ་ཚད་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། 2012ལོ་ནས་བཟུང་བོད་ཀྱིས་རྒྱལ་ཡོངས་སུ་གཞན་གྱི་སྔོན་ལ་ལོ་15ཡི་གཞུང་གྲོན་སློབ་གསོ་ལག་བསྟར་བྱས་ཡོད། 2024ལོའི་བར་སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་བུ་བཅོལ་ཁང་དུ་ཞུགས་ཚད་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད། མཐོ་རིམ་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་91.33%དང་། 97.86% 91.56% 57.81%བཅས་སོ་སོར་ཟིན་ནས་སློབ་གསོའི་དམིགས་ཚད་གཙོ་བོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པའམ་ཡང་ན་དེ་ལས་བརྒལ་ཡོད། རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་གྲངས་གཞི་ལས་མངོན་པར། བོད་ཀྱི་མི་འབོར་ཁྲི་10རེའི་ནང་སློབ་ཆེན་གྱི་རིག་གནས་ཆུ་ཚད་ལྡན་པའི་མི་གྲངས་2010ལོའི་མི་5507ནས་2020ལོའི་མི་11019བར་མང་དུ་ཕྱིན་ཡོད།
སློབ་གྲྭའི་ཞག་སྡོད་ཞབས་ཞུས་ཐག་རིང་ལུང་ཁུག་ཞིང་འབྲོག་ཁུལ་གྱི་སློབ་མ་སློབ་གྲྭར་སྐྱོད་ཁག་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད། ས་ཁུལ་ཁ་ཤས་ཀྱི་ས་བབ་ཧ་ཅང་མཐོ་བ་དང་། རང་བྱུང་ཆ་རྐྱེན་དཀའ་ཚེགས་ཆེ་བ། མི་འབོར་དང་སྡོད་གནས་ཁ་ཐོར་ཡིན་པ། སློབ་གྲྭར་སྐྱོད་པའི་ལམ་ཐག་རིང་བ་བཅས་ཀྱི་གནས་ཚུལ་ལ་དམིགས་ནས་བོད་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས》གཞིར་བཟུང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་གཞན་དག་དང་བྱེད་ཐབས་གཅིག་མཚུངས་སྤྱད་དེ་སློབ་གྲྭ་ཁག་གཅིག་ལ་ཞག་སྡོད་ཞབས་ཞུ་མཁོ་འདོན་བྱས་པ་མ་ཟད། “ཟ་སྡོད་འགན་ལེན་དང་གཞི་རྩའི་སློབ་ཡོན་འགན་ལེན་བྱེད་པའི”སྲིད་ཇུས་ལག་བསྟར་བྱས་ཡོད། སློབ་མ་དང་ཁྱིམ་བདག་གིས་རང་མོས་ངང་ཞག་སྡོད་བྱེད་མིན་གདམ་ག་བྱེད་པ་དང་། གཟའ་མཇུག་དང་གུང་གསེང་རིང་སློབ་མ་ཁྱིམ་དུ་ལོག་ཆོག་ལ། ཞག་སྡོད་འཚོ་བའི་དོ་དམ་དང་འཆར་འགོད་ནང་ཁྱིམ་བདག་ཞུགས་པ་བཅས་བྱས་ནས་མི་རིགས་ཁག་གི་སློབ་མ་ཚོས་སྤུས་ཚད་མཐོ་བའི་སློབ་གསོའི་དབང་ཆ་འདྲ་མཉམ་ངང་སྤྱོད་གང་ཐུབ་བྱས་ཡོད།
—— ལས་ཀའི་ཁེ་དབང་འགན་སྲུང་ཏན་ཏིག་ཐུབ་པ།
ལས་ཞུགས་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་ཡོད། བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་རིན་མེད་སྤྱི་པའི་ལས་ཞུགས་ཞབས་ཞུའི་ལམ་ལུགས་ལག་བསྟར་བྱས་ནས་ལས་རིགས་ངོ་སྤྲོད་དང་། ལས་རིགས་མཛུབ་ཁྲིད། ལས་འཚོལ་ཐོ་འགོད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད། ལས་རིགས་རྩལ་ནུས་གསོ་སྦྱོང་རྒྱ་ཁྱབ་ངང་སྤེལ་བ་དང་། རང་ལོ་ཧྲིལ་པོ་ལོ་16ཡན་དུ་སླེབས་པ་དང་ལས་ཞུགས་བྱེད་འདོད་ཡོད་པ་དང་གསོ་སྦྱོང་མཁོ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པ་ཚང་མས་ལས་རིགས་རྩལ་ནུས་གསོ་སྦྱོང་ནང་ཞུགས་རྒྱུའི་རེ་ཞུ་བྱེད་ཆོག་གི་ཡོད། གསོ་སྦྱོང་ལས་ཞུགས་ཀྱི་འཆར་གཞི་བཟོ་སྐབས་མང་ཚོགས་ཀྱི་འདོད་བློ་དང་དགོས་མཁོར་བརྩི་འཇོག་གང་ལེགས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པས་གསོ་སྦྱོང་རྣམ་གྲངས་དང་། གསོ་སྦྱོང་བྱེད་སྟངས། གསོ་སྦྱོང་སྒྲིག་གཞི་བཅས་རང་བདག་ངང་གདམ་ག་བྱེད་ཆོག་གི་ཡོད། 2024ལོར་གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་ཐུབ་པའི་མི་ཁྲི་5.1ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བརྟག་དཔྱད་བྱེད་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་དམའ་བ་ཡོད་པ་དང་ལས་ཞུགས་མེད་པའི་ཁྱིམ་ཚང་ཚང་མ་ལས་ཞུགས་ཐུབ་ཡོད།
ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་གཞན་སྒྱུར་བྱེད་རོགས་ཧུར་ཐག་བྱས་ཡོད། སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཁེ་ལས་ཀྱིས་ས་གནས་ཀྱི་ཞིང་འབྲོག་པ་ལས་ཀར་བསྡུ་རྒྱུར་ལྕག་སྐུལ་བྱས་པ་དང་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་མི་གྲངས་2012ལོའི་མི་ཁྲི་45ནས་2024ལོའི་མི་ཁྲི་64.8བར་མང་དུ་ཕྱིན་ཡོད། 2024ལོར་བོད་ཀྱི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་71.55ཟིན་ཡོད། ས་ཁུལ(གྲོང་ཁྱེར)ཁག་གིས་ལྗོངས་ཕྱིའི་ལས་ཞུགས་ཞབས་ཞུའི་ས་ཚིགས་ལ་བརྟེན་ནས་ངལ་ནུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ཕྱིར་ལས་ཀ་འཚོལ་རོགས་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་། ཞག་སྡོད། འགྲོ་སྐྱོད། ཁེ་དབང་འགན་སྲུང་སོགས་ཐད་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཡོད།
བྱེད་ཐབས་སྣ་མང་སྤྱད་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གོ་སྐབས་མང་དུ་བཏང་ཡོད། ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་བ་དང་ཆབས་ཅིག་ལས་ཞུགས་ལྟ་སྦྱོང་ཁ་གསབ་དང་སྤྱི་ཚོགས་འགན་བཅོལ་ཁ་གསབ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་ཁེ་ལས་ཁག་གིས་ལྗོངས་ནང་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཀར་བསྡུ་རྒྱུར་སྐུལ་ལྕག་བྱས་ཡོད། མཐོ་སློབ་དང་ཁེ་ལས་ཀྱིས་ལས་གཏོད་སྐྱོང་གསོའི་རྟེན་གཞི་སོགས་ལས་ཞུགས་ཞབས་ཞུའི་ལས་སྟེགས་བསྐྲུན་རྒྱུར་རྒྱབ་སྐྱོར་དང་རང་བརྟེན་ལས་གཏོད་ལ་སྐུལ་ལྕག་བྱས་ནས། ལས་གཏོད་བྱེད་མཁན་སློབ་ཐོན་སློབ་མ་མི་རེར་ཁ་གསབ་སྒོར་ཁྲི་6གི་ལས་གཏོད་མ་དངུལ་དང་དེ་བཞིན་ལོ་རེར་ས་ཆའི་བོགས་དངུལ་དང་ཆུ་དང་གློག་རིན་མཐོ་ཤོས་ལ་སྒོར་ཁྲི་2.4སྤྲད་ཡོད། ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་ལོ་མང་བསྟུད་མར་ཆུ་ཚད་མཐོ་ཙམ་རྒྱུན་འཁྱོངས་ཐུབ་ཡོད།
—— བདེ་ཐང་གི་ཁེ་དབང་འགན་སྲུང་དེ་བས་དོ་སྙོམས་བྱུང་བ།
གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དོ་སྙོམས་ཅན་ལ་མུ་མཐུད་སྐུལ་འདེད་བཏང་ཡོད། བདེ་ཐང་བོད་ལྗོངས་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། བདེ་ཐང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། ནད་ཡམས་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བཅས་བྱས་ནས་བདེ་ཐང་གི་དམིགས་ཚད་གཙོ་བོ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་བཅུག་ཡོད། མི་རེའི་ཆ་སྙོམས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་གྲོན་དངུལ་2012ལོའི་སྒོར་25ནས་2024ལོའི་སྒོར་115བར་སྤར་བ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་80%ཡི་བསྡུར་ཚད་ལྟར་གཏོང་སྤྲོད་བྱས་པ་དང་། བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་རིན་མེད་ངང་མཁོ་འདོན་བྱས་ཡོད། རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་གྲུབ་འབྲས་ལ་གཞིགས་ན། བོད་ཀྱི་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་2010ལོའི་ལོ་68.17ནས་2020ལོའི་ལོ་72.19བར་རིང་དུ་ཕྱིན་ཡོད།
སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་བ་ཕྱོགས་ཡོངས་ལ་ཁྱབ་ཡོད། 2012ལོ་ནས་བཟུང་རྒྱལ་ཁབ་དང་བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་76དོན་འཁྱོལ་བྱས་ཏེ་རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར) རྫོང(ཆུས་དང་གྲོང་ཁྱེར) ཤང(གྲོང་རྡལ) གྲོང་ཚོ(སྡེ་ཁུལ)བཅས་རིམ་པ་ལྔའི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་དྲ་བ་གཞི་རྩའི་ཆ་ནས་བསྐྲུན་པ་དང་། གྲོང་ཁྱེར་གྱི་གཞུང་བཙུགས་སྨན་ཁང་དང་། གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་བཅས་ཀྱི་སྒྲིག་བཀོད་དེ་བས་འཐུས་སྒོ་ཚང་དུ་བཏང་བས་ཞབས་ཞུའི་ཁྱབ་ནུས་རང་བཞིན་དང་སྟབས་བདེའི་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། 2024ལོའི་ལོ་མཇུག་བར། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཁྱོན་བསྡོམས་7231(གྲོང་ཚོའི་འཕྲོད་བསྟེན་ཁང་5222ཚུད་པ)དང་། ཉལ་ཁྲི་21551 འཕྲོད་བསྟེན་ལག་རྩལ་པ་29379བཅས་ཟིན་པ་དེ་2012ལོ་ལས་29.79%དང་། 112.66% 159.42%བཅས་སོ་སོར་འཕར་ཡོད། མི་འབོར་སྟོང་རེར་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲིའི་གྲངས་འབོར་དང་། འཕྲོད་བསྟེན་ལག་རྩལ་པའི་གྲངས་འབོར། ལས་གཉེར་སྨན་པ་དཀའ་བཅུ་པའི(ལས་རོགས)གྲངས་འབོར་བཅས་2012ལོའི་ཉལ་ཁྲི་3.29དང་། མི་3.67 མི་1.53བཅས་སོ་སོ་ནས་2023ལོའི་ཉལ་ཁྲི་5.90དང་། མི་8.05 མི་3.34བཅས་བར་མང་དུ་ཕྱིན་ཡོད།
སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་བོད་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཡོད། 2015ལོ་ནས་བཟུང་། རྒྱལ་ཡོངས་ཀྱི་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱི་སྨན་ཁང་203གྱིས་རིགས་གཅིག་མཁས་ཅན་2000ལྷག་ཙམ་མངགས་ཏེ་ཚོགས་སྒྲིག་རྣམ་པའི་བྱེད་ཐབས་ལ་བརྟེན་ནས་བོད་ཀྱི་རིམ་ཁག་སྨན་བཅོས་སྒྲིག་གཞིར་རོགས་སྐྱོར་བྱས་པས་སྨན་བཅོས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་མ་ཟད། བོད་ལ་ས་གནས་དེ་གའི་སྨན་དོན་མི་སྣ་5536གསོ་སྐྱོང་བྱས་ཡོད། སྨན་བཅོས་སྒྲིག་གཞིས་ལོར་སྨན་བཅོས་བྱས་པའི་མི་ཐེངས་2012ལོའི་ཁྲི་1167ནས་2023ལོའི་ཁྲི་1570.57བར་འཕར་བ་དང་རིམ་གསུམ་ཡན་གྱི་སྨན་ཁང་3ནས་17བར་འཕར་བ་མ་ཟད། རྒྱང་བསྟེན་སྨན་བཅོས་ཞབས་ཞུ་ཤང་དང་གྲོང་རྡལ་ཡན་གྱི་གཞུང་བཙུགས་སྨན་བཅོས་སྒྲིག་གཞི་ཡོངས་ལ་ཁྱབ་ཡོད།
བོད་ཀྱི་གསོ་བ་རིག་པའི་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་བ། བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ཀྱི་སྲིད་ཇུས་རབ་དང་རིམ་པ་བཟོས་ནས་ལག་བསྟར་བྱས་པ་དང་། ལོ་ལྟར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་བོད་ལུགས་གསོ་རིག་གི་སྨན་བཅོས་དང་། སློབ་གསོ། ཚན་ཞིབ། ཐོན་ལས་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ཡོད། གཞུང་བཙུགས་བོད་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞིའི་གྲངས་འབོར་དང་། འཕྲོད་བསྟེན་ལག་རྩལ་པ། ཉལ་ཁྲིའི་གྲངས་འབོར་བཅས་2012ལོའི་སྨན་ཁང་28དང་། མི་2232 ཉལ་ཁྲི1364བཅས་ནས་2024ལོའི་སྨན་ཁང་51དང་། མི་5287 ཉལ་ཁྲི་3260བཅས་བར་མང་དུ་ཕྱིན་ཡོད། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་། གྲོང་ཚོའི་འཕྲོད་བསྟེན་ཁང་བཅས་སུ་བོད་ལུགས་གསོ་རིག་གི་ཞབས་ཞུ་ཁྱབ་ཚད་2012ལོའི་50%དང་། 71% 15%བཅས་ནས་2024ལོའི་100%དང་། 94.4% 50.04%བཅས་སོ་སོར་འཕར་ཡོད། རྒྱལ་ཡོངས་ཀྱི་མི་རིགས་ཀྱི་སྨན་བཅོས་རིགས་ཀྱི་རྒྱལ་ཁབ་གསོ་རིག་ལྟེ་གནས་ཐོག་མར་ཆོག་མཆན་ཐོབ་ནས། རྒྱལ་ཁབ་ཀྱི་མི་རིགས་ནད་བརྟག་ཞིབ་འཇུག་རྟེན་གཞི་དང་། རྒྱལ་ཁབ་ནད་བརྟག་གི་གཙོ་གནད་ཆེད་ལས་ཚན་ཁག་5 རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་གཙོ་གནད་ཆེད་ལས་ཚན་ཁག་17བཅས་བསྐྲུན་པ་དང་བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་3ལ“རྒྱལ་སྨན་སློབ་དཔོན”གྱི་མཚན་སྙན་སྔ་རྗེས་སུ་ཐོབ་ཡོད། བོད་སྨན་འདི་ཉིད་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་གཞུང་དཀར་ཆག(མི་རིགས་ཀྱི་སྨན་རྫས)ནང་འཇུག་པའི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད།
—— སྤྱི་ཚོགས་འགན་སྲུང་མ་ལག་དམངས་ཡོངས་ལ་ཁྱབ་པ།
རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཞིང་།2024ལོའི་ལོ་མཇུག་བར་བོད་ཀྱི་སྤྱི་ཚོགས་འགན་བཅོལ་ཁག་ལ་ཞུགས་མཁན་མི་ཐེངས་ཁྲི་763.22ཟིན་པའི་ནང་ཁེ་ལས་ཀྱི་ལས་བཟོ་འགན་བཅོལ་ལ་ཞུགས་མཁན་ཁྲི་41.50དང་ལས་ཁུངས་བྱ་གཞག་ཚན་པའི་རྒན་གསོ་འགན་བཅོལ་ལ་ཞུགས་མཁན་ཁྲི་29.98 གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལ་ཞུགས་མཁན་ཁྲི་175.53 ལས་རྨས་འགན་བཅོལ་ལ་ཞུགས་མཁན་ཁྲི་77.92 ལས་ཤོར་འགན་བཅོལ་ལ་ཞུགས་མཁན་ཁྲི་42.61 གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་མཁན་ཁྲི་346.45 བུ་བཙའི་འགན་བཅོལ་ལ་ཞུགས་མཁན་ཁྲི་49.23བཅས་ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་ཚད་གཞི་ལོ་རེ་བཞིན་མཐོ་རུ་ཕྱིན་ནས་2024ལོར་མི་རེར་ལོ་རེར་སྒོར་705ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་འགན་བཅོལ་ལ་ཞུགས་མཁན་སྨན་ཁང་དུ་སྡོད་རིང་གི་ལུགས་མཐུན་སྨན་རིན་དང་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་ལུགས་མཐུན་སྨན་རིན་རྩིས་ཞུ་བྱེད་པའི་བསྡུར་ཚད་མཐོ་ཤོས་90%ཟིན་པ་དང་། སྒོ་བསྟེན་སྨན་ཁང་དཀྱུས་མའི་ཐོག་མའི་གཏོང་སྤྲོད་ཚད་གཞི་ལོ་འཁོར་རིམ་རྩིས་ཀྱི་སྒོར་50བར་དམའ་རུ་བཏང་ནས་རྩིས་ཞུ་བྱེད་པའི་བསྡུར་ཚད་60%ཟིན་ཡོད། ནད་ཆེན་ཆེད་དོན་སྐྱོབ་བཅོས་ཀྱི་ནད་རིགས་38བར་མང་དུ་བཏང་བ་དེ་རྒྱལ་ཁབ་ཀྱི་ཚད་གཞི་ལས་8ཀྱིས་མང་བ་ཡོད་པ་རེད། རྒྱལ་ཡོངས་ཀྱི་མཉམ་སྦྲེལ་མཉམ་མཐུད་ཀྱི་བོད་ཀྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་བསྐྲུན་པ་མ་ཟད་སྤྱོད་འགོ་ཚུགས་ཤིང་། “གཞི་རྩའི་སྨན་བཅོས་འགན་ལེན་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་གཅིག་འཐུས་རྣམ་པའི་ཞབས་ཞུ་དང་འཛིན་ཤོག་གཅིག་གི་ལམ་ལུགས་མཇུག་རྩིས”དང་ཞིང་ཆེན་གཞན་དུ་སྨན་བཅོས་བྱེད་པའི་ཐད་ཀའི་མཇུག་རྩིས་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་རྒྱུན་མཐུད་མཐོ་རུ་བཏང་བ་དང་ཁྱབ་རྒྱ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། 2024ལོ་བར་ཁྱོན་བསྡོམས་མི་22203གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ནང་བཅུག་པ་དང་། མི་148435གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ནང་བཅུག་ཡོད། 2024ལོར་གྲོང་ཁྱེར་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་དེ་ཟླ་རེར་སྒོར་947དང་གྲོང་གསེབ་ཀྱི་གྲོང་མིར་ལོ་རེར་སྒོར་5340ཡིན་པ་རེད།
བཞི། རིག་གནས་ཁེ་དབང་འགན་སྲུང་ལ་མུ་མཐུད་ཤུགས་སྣོན་ཐེབས་པ།
བོད་ཀྱིས་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་དང་སྤྱོད་པ། བོད་སྐད་ཡིག་སྦྱོང་སྤྱོད་ཀྱི་ཁེ་དབང་འགན་སྲུང་བཅས་བྱས་པར་བརྟེན་བོད་ཀྱི་རིག་གནས་འཛུགས་སྐྱོང་ལ་སྔར་བྱུང་མྱོང་མེད་པའི་དར་རྒྱས་དང་འཕེལ་རྒྱས་བྱུང་བ་དང་མི་རིགས་ཁག་གི་མི་དམངས་ཀྱི་རིག་གནས་ཀྱི་ཁེ་དབང་ལ་འགན་སྲུང་ནུས་ལྡན་བྱུང་ཡོད།
—— མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཐུབ་པ།
མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད། 2012ལོ་ནས་2024ལོ་བར་རིམ་རྩིས་བྱས་ན་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཆེད་དངུལ་སྒོར་དུང་ཕྱུར་4.73བཏང་བ་དེ་དག་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སྲུང་སྐྱོང་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཐོ་འགོད་ལས་དོན། ཁྲིད་སྦྱོང་བྱེད་སྒོ་དང་དེ་བཞིན་སྲུང་སྐྱོང་བེད་སྤྱོད་ཀྱི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལ་སྤྱད་ཡོད། བོད་དུ་ད་ཆ་རིམ་ཁག་དང་རིགས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་2760དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་1668ཡོད། 《གེ་སར》དང་། ལྷ་མོ། བོད་ལུགས་གསོ་རིག་གི་ལུམས་བཅོས་སོགས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་དུ་བཅུག་པ་དང་། རྒྱལ་ཁབ་རིམ་པའི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་གི་དཔེ་སྟོན་རྟེན་གཞི་5དང་རང་སྐྱོང་ལྗོངས་རིམ་པའི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་གི་དཔེ་སྟོན་རྟེན་གཞི་12གཏན་འཁེལ་བྱས་པ། མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ཆོས་ལྡན་པའི་རྫོང་དང་། ཤང་། གྲོང་ཚོ་བཅས་8དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)19 མངོན་མིན་རིག་གནས་ཤུལ་བཞག་གི་ཁྲིད་སྦྱོང་རྟེན་གཞི་159 དམངས་ཁྲོད་ཀྱི་ལྷ་མོ་རུ་ཁག་153བཅས་ལ་མིང་བཏགས་པ། ལོ་ན་མཐོ་བའི་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་66དང་རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་8ལ་རིག་གནས་མྱུར་སྐྱོབ་རང་བཞིན་གྱི་ཟིན་འགོད་ལས་དོན་ལེགས་སྒྲུབ་བྱས་པ། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་224བཙུགས་པ་བཅས་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཁག་རྒྱུན་འཛིན་དང་སྲུང་སྐྱོང་སྒོས་འཕེལ་རྒྱས་ནུས་ལྡན་ཐུབ་ཡོད།
རིག་དངོས་གནའ་ཤུལ་ལ་སྲུང་སྐྱོང་ཡག་པོ་བྱས་པ། 2024ལོའི་ཟླ་12བར་བོད་ཀྱིས་རིག་དངོས་ས་ཚིགས་ཁག་4468དང་རིམ་ཁག་རིག་དངོས་སྲུང་སྐྱོང་ཚན་པ་2373(དེའི་ནང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་70ཚུད་པ) འཛམ་གླིང་གི་རིག་གནས་ཤུལ་བཞག་1དང་ས་ཚིགས་3(ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ལྷ་ལྡན་གཙུག་ལག་ཁང) གསར་བརྗེའི་གནའ་ཤུལ་155 རྟེན་མཛོད་ཁང་དང་། འགྲེམས་སྟོན་ཁང་། དྲན་གསོ་ཁང་བཅས་43 གསར་བརྗེའི་རིག་དངོས་མིང་གཞུང་155བཅས་ལ་བརྟག་དཔྱད་དང་ཐོ་འགོད་བྱས་ཡོད། བྲག་ཕུག་ལྷ་ཁང་277སོགས་ཐོན་ཁུངས་ལ་བརྟག་ཞིབ་ལེགས་སྒྲུབ་བྱས་པ་དང་། རྡོ་རིང་དང་རྡོ་བརྐོས་ཁག་15རྒྱལ་ཁབ་རིག་དངོས་ཅུད་ཀྱི་ཁག་དང་པོའི་གནའ་རབས་ཀྱི་རྡོ་རིང་གྲགས་ཅན་དང་རྡོ་བརྐོས་གྲགས་ཅན་གྱི་རིག་དངོས་མིང་གཞུང་དུ་ཚུད་ཡོད། 2016ལོ་ནས་2024ལོ་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་28.42བཏང་སྟེ་རིག་དངོས་སྲུང་སྐྱོབ་དང་ཉམས་གསོའི་རྣམ་གྲངས་ཁག་377ལག་བསྟར་བྱས་པ་དང་། “གནའ་དཔྱད་རྟོག་ཞིབ་ཀྱི་ཀྲུང་གོ”དང“ས་མཐོའི་གནའ་དཔྱད་རྟོག་ཞིབ་ཆེན་པོའི”གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། 2016ལོ་ནས་2024ལོ་བར་གནའ་དཔྱད་རྟོག་ཞིབ་སྔོག་འདོན་གྱི་རྣམ་གྲངས་ཁག་102ལག་བསྟར་བྱས་པའི་ནང་རང་འགུལ་རང་བཞིན་གྱི་གནའ་དཔྱད་རྟོག་ཞིབ་སྔོག་འདོན་རྣམ་གྲངས་ཁག་70དང་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་རྣམ་གྲངས་ཁག་32ཡོད། རིག་དངོས་འགྲེམས་སྟོན་ཐེངས་21གཉེར་ནས་རྟེན་མཛོད་ཁང་གི“སྤྲིན་ཚོམ་འགྲེམས་སྟོན”ཁག་10བཏོན་ཡོད།
གནའ་དཔེ་དང་ཚད་ལྡན་ཡིག་ཆར་ཚན་རིག་དང་མཐུན་པའི་སྲུང་སྐྱོང་བྱས་ཡོད། 2018ལོའི་ལོ་མཇུག་ཏུ་བོད་ཀྱིས་དུས་འཁོར་ལོ་10དང་མ་དངུལ་སྒོར་དུང་ཕྱུར་3ཙམ་གཏོང་རྩིས་ཡོད་པའི་ཕོ་བྲང་པོ་ཏ་ལའི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་སོགས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོང་བེད་སྤྱོད་རྣམ་གྲངས་སྐྲུན་འགོ་ཚུགས་པ་དང་མིག་སྔར་དུས་ཐེངས་དང་པོ་དང་གཉིས་པའི་རྣམ་གྲངས་ལ་ཞིབ་བཤེར་རྩིས་ལེན་ཐུབ་ཡོད། བོད་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོང་བྱ་ཐབས་གསར་གཏོད་བྱས་ཤིང་། 2024ལོའི་ཟླ་12པའི་བར་གོ་ལ་ཧྲིལ་པོའི“སྤྲིན་ཚོམ་མཉམ་སྤྱོད”ལས་སྟེགས་སུ་རྩ་ཆེའི་གནའ་དཔེ་ཁྲི་6.7ལྷག་ཙམ་ཡར་སྐྱེལ་བྱས་པ་དང་ཉར་ཚགས་ཚན་པ་1180ཡིས་ཉར་ཚགས་བྱས་པའི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་18000ལྷག་ཙམ་ཡོངས་བཤེར་ཐོ་འགོད་བྱས་པ་མ་ཟད། གནའ་དཔེ་305《རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་གཞུང》དུ་བདམས་པ་དང་ཆ་ལག་མི་ཚང་བའི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་ཤོག་ལྷེ་13990ཙམ་ཉམས་གསོ་བྱས་ཡོད། 2013ལོར་རྒྱལ་ཁབ་ཀྱིས《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོའི》གཙོ་གནད་རིག་གནས་འདུ་འགོད་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱས་ཏེ། ཐུ་བྷོད་དུས་སྐབས་ནས་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་བར་གྱི་བོད་ཡིག་ཚད་ལྡན་ཡིག་ཆའི་དཔེ་དེབ་དཔེ་སྐྲུན་བྱས་ཤིང་། མིག་སྔར་དཔེ་དེབ་སྣ་ཁ་12དང་བམ་པོ་201ལེགས་གྲུབ་ཟིན་པར་ཁྱོན་བསྡོམས་ཡིག་འབྲུ་དུང་ཕྱུར་1.28ཙམ་ཡོད། 2023ལོའི་ཟླ་11པར《བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ》(དེབ་206)དཔེ་སྐྲུན་བྱས་པའི་ནང་བོད་ཀྱི་གསོ་རིག་གི་གནའ་དཔེ་3022བསྡུས་ཡོད།
—— སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་ཕྱིན་པ།
སྤྱི་པའི་རིག་གནས་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་བཏང་ཡོད། 2012ལོ་ནས་བཟུང་ཀྲུང་དབྱང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་48.9བཏང་བ་དེ་དག་བོད་ཀྱི་སྤྱི་པའི་རིག་གནས་འཛུགས་སྐྱོང་ཐད་སྤྱད་ཡོད། 2024ལོ་བར་བོད་དུ་རྟེན་མཛོད་ཁང་དང་། འགྲེམས་སྟོན་ཁང་། དྲན་གསོ་ཁང་བཅས་ཁྱོན་43དང་། དཔེ་མཛོད་ཁང་82 མང་ཚོགས་སྒྱུ་རྩལ་ཁང(རིག་གནས་བྱེད་སྒོ་ལྟེ་གནས)82 ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་697 རིག་གནས་ཐང་ཆེན་1600ལྷག་ཙམ་ཡོད་པ་དང་། རྫོང(ཆུས་དང་གྲོང་ཁྱེར)74ལ་གར་སྟེགས་རླངས་འཁོར་དང་དཔེ་མཛོད་རླངས་འཁོར་བཀོད་སྒྲིག་བྱས་པ་བཅས་ལས་རིམ་ལྔའི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་རྒྱ་གཞི་རྩའི་ཆ་ནས་གྲུབ་ཡོད། ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཕ་ཡུལ་14འཛུགས་གཏོད་བྱས་པ་དང་། རང་སྐྱོང་ལྗོངས་རིམ་པའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཕ་ཡུལ་89ལ་མིང་བཏགས་ཡོད། 2023ལོའི་ཟླ་12པར་བོད་ལྗོངས་ཟློས་གར་ཆེ་མོ་ཁང་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད།
སྤྱི་པའི་རིག་གནས་ཞབས་ཞུའི་སྤྱོད་འཐུས་རང་བཞིན་ལ་སྐུལ་འདེད་བཏང་བ། གཞི་རིམ་གྱི་རིག་གནས་ཞབས་ཞུའི་དཔུང་ཁག་མུ་མཐུད་སྟོབས་ཆེར་ཕྱིན་ནས་ད་ཆ་བོད་དུ་རྫོང(ཆུས་དང་གྲོང་ཁྱེར)གི་སྒྱུ་རྩལ་ཚོགས་པ་76དང་། དམངས་ཁྲོད་ལྷ་མོ་རུ་ཁག་153 ཤང་དང་གྲོང་རྡལ་གྱི་རིག་རྩལ་འཁྲབ་སྟོན་རུ་ཁག་395 སྒྲིག་ཚུད་གྲོང་ཚོའི(གྲོང་ལྷན)རིག་རྩལ་འཁྲབ་སྟོན་རུ་ཁག་5492བཅས་ཡོད་པ་མ་ཟད། ཆེད་ལས་དང་ལས་ཞོར་གྱི་རིག་རྩལ་འཁྲབ་སྟོན་པ་ཁྲི་10ལྷག་ཙམ་ཟིན་པ་དག་གིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཐག་ཉེ་ས་ནས་འཁྲབ་སྟོན་བྱེད་ཀྱི་ཡོད། གྲོང་གསེབ་ཀྱི་གློག་བརྙན་སྟོན་ཐབས་ཕྱོགས་ཡོངས་ནས་གྲངས་འཛིན་ཅན་དུ་འགྱུར་བ་དང་གྲངས་འཛིན་གློག་བརྙན་སྟོན་པའི་སྒྲིག་ཆས་478ཀྱིས་ལོ་ལྟར་གློག་བརྙན་ཐེངས་ཁྲི་6.3ལྷག་ཙམ་སྟོན་གྱི་ཡོད། 2024ལོར་ཞབས་བྲོའི་ཟློས་གར《གངས་རིའི་འཇའ་ཚོན》དང་ཡུལ་རྣམ་གླུ་གར་སྙན་ངག《བོད་ཤར་རྒྱུད་ཀྱི་བུ་ཕྲུག་གི་བརྩེ་བ》སོགས་སྤུས་ཚད་མཐོ་བའི་རིག་རྩལ་བརྩམས་ཆོས་རྩེ་གྲ་སྟོང་ཙམ་བཏོན་ཡོད། “སྐལ་བཟང་མེ་ཏོག་གི་འཁྲབ་སྟོན་དུས་ཚིགས”གསར་གཏོད་བྱས་ནས་བཏོན་ཏེ་གཏམ་བརྗོད་ཟློས་གར་དང་། གླུ་གར་མཚན་ཚོགས། ལྷ་མོ། རོལ་དབྱངས་འདུ་ཚོགས་སོགས་རིག་རྩལ་འཁྲབ་སྟོན་སྣ་ཚོགས་ཐེངས་88བྱས་པས་དྲ་ཐོག་དང་དྲ་ཕྱི་ནས་ཕན་པ་ཐོབ་པའི་མི་རིགས་ཁག་གི་མང་ཚོགས་མི་ཐེངས་ཁྲི་བརྒྱ་ལྷག་ཙམ་ཟིན་ཡོད། གཞི་རིམ་གྱི་རིག་གནས་སྒྲིག་བཀོད་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དང་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)6312བསྐྲུན་པ་དང་། རླུང་འཕྲིན་དང་བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་ལ་ཁྱབ་ཚད་99.54%དང་99.67%སོ་སོར་ཟིན་ཡོད། གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་མི་རིགས་ཁག་གི་མི་དམངས་ལ་སྤྱི་པའི་རིག་གནས་ཞབས་ཞུ་མཉམ་སྤྱོད་ཐུབ་ཡོད།
སྤྱི་པའི་རིག་གནས་ཞབས་ཞུ་ཆ་འཕྲིན་ཅན་ལ་སྐུལ་འདེད་བཏང་ཡོད། རིག་ལྡན་དཔེ་མཛོད་ཁང་དང་སྤྱི་པའི་རིག་གནས་སྤྲིན་ཚོམ་འཛུགས་སྐྲུན་ལག་བསྟར་བྱས་ཏེ། རྫོང་རིམ་པའི་དཔེ་མཛོད་ཁང(རིག་གནས་ཁང)གི་སྤྱི་ཁྱབ་ཁང་དང་ཡན་ལག་ཁང་གི་ལམ་ལུགས་འཛུགས་སྐྱོང་གི་ཚོད་ལྟར་སྐུལ་འདེད་བཏང་ཞིང་། ཐང་བོད་གནའ་ལམ་དང་ཇ་རྟའི་གནའ་ལམ(ཆབ་མདོ་དུམ་བུ)གྱི་རིག་དངོས་གྲངས་འཛིན་ཅན་གྱི་འགྲེམས་ཁང་བསྐྲུན་ཡོད། ལག་རྩལ་གསར་པ་དང་སྨྱན་སྦྱོར་གསར་པའི་བརྒྱུད་སྤེལ་བྱ་ཐབས་སྤྱད་དེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕྱོགས་ནས་རྒྱུན་གཏན་ཅན་གྱི་རིག་རྩལ་འཁྲབ་སྟོན་དྲ་རྒྱའི་ཐད་གཏོང་དང་། དྲ་ཐོག་སློབ་སྦྱོང་། བྱེད་སྒོ་གསོ་སྦྱོང་སོགས་ཀྱི་རིག་གནས་ཞབས་ཞུ་མཁོ་འདོན་བྱས་ཡོད། བོད་ཀྱི་རིམ་ཁག་སྤྱི་པའི་རིག་གནས་སྒྲིག་གཞིས་ལོ་རེར་ཆ་སྙོམས་རིག་གནས་དམངས་ཕན་གྱི་བྱེད་སྒོ་ཐེངས་ཁྲི་10ལྷག་ཙམ་སྤེལ་བར་ཕན་པ་ཐོབ་མཁན་མང་ཚོགས་མི་ཐེངས་ཁྲི་1500ལྷག་ཙམ་ཟིན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་གཡུལ་ས་གཞི་རིམ་དུ་སྣུར་སྲིང་བྱེད་པར་རྒྱུན་མཐུད་སྐུལ་འདེད་བཏང་ནས་སྤྱི་པའི་རིག་གནས་ཞབས་ཞུའི“མཐའ་མའི་འགག་གནད”རིམ་བཞིན་བསལ་ཡོད།
—— བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཀྱི་ཁེ་དབང་འགན་སྲུང་ནུས་ལྡན་ཐུབ་པ།
སྲིད་འཛིན་ཁྱབ་ཁོངས་སུ་བོད་སྐད་ཡིག་བེད་སྤྱོད་ཀྱི་ཁེ་དབང་འགན་སྲུང་བྱས་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་དང་ཁྲིམས་སྲོལ་དང་། བོད་ཀྱི་རིམ་ཁག་སྲིད་གཞུང་དང་སྲིད་གཞུང་སྡེ་ཚན་ཁག་གིས་བཀྲམ་པའི་ཡོངས་ཁྱབ་རང་བཞིན་གྱི་ཡིག་ཆ་དང་ཡོངས་བསྒྲགས་བྱས་པའི་སྤྱི་བསྒྲགས་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་མཉམ་དུ་སྤྱོད་ཀྱི་ཡོད།
དཔེ་སྐྲུན་དང་། སྨྱན་སྦྱོར། འཚོ་བ་སོགས་ཀྱི་ཁྱབ་ཁོངས་སུ་བོད་སྐད་ཡིག་རྒྱ་ཁྱབ་ངང་སྤྱད་ཡོད། 2024ལོའི་ལོ་མཇུག་བར་བོད་ཀྱིས་བོད་ཡིག་དུས་དེབ་རིགས་17དང་བོད་ཡིག་ཚགས་པར་རིགས་11ཡོངས་བསྒྲགས་འགྲེམས་སྤེལ་བྱས་པ་དང་རིམ་རྩིས་བྱས་ན་བོད་ཡིག་དཔེ་དེབ་རིགས་8794དང་དེབ་ཁྲི་4685པར་སྐྲུན་བྱས་ཡོད། སྲོལ་རྒྱུན་གྱི་ཚགས་པར་དང་དུས་དེབ་དང་། རླུང་འཕྲིན། གློག་བརྙན་བརྙན་འཕྲིན། དྲ་རྒྱ་བཅས་ཀྱི་རྨང་གཞིའི་ཐོག་བོད་སྐད་ཀྱི་སྨྱན་སྦྱོར་གསར་པ་འཕེལ་རྒྱས་བཏང་བ་དང་། གཞུང་ཕྱོགས་ཨང་རྟགས་དང་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྣ་ཚོགས་རྒྱུན་ཆད་མེད་པར་ཐོན་ནས་བོད་སྐད་ཡིག་བེད་སྤྱོད་ཀྱི་ཁྱབ་ཁོངས་ཇེ་ཆེར་བཏང་ཡོད། ལོ་རེར་མི་རིགས་སྐད་ཡིག་རླུང་འཕྲིན་ལེ་ཚན་སྒྱུར་བཟོ་བྱས་པའི་དུས་ཡུན་ཆུ་ཚོད་15000ལས་བརྒལ་བ་དང་། ལོ་རེར་མི་རིགས་སྐད་ཡིག་གི་གློག་བརྙན་སྒྱུར་བཟོ་བྱེད་ཚད་གློག་བརྙན་80ལས་བརྒལ་བ། ལོ་རེར་མི་རིགས་སྐད་ཡིག་གི་བརྙན་འཕྲིན་ལེ་ཚན་སྒྱུར་བཟོ་བྱས་པའི་དུས་ཡུན་ཆུ་ཚོད་7300ཟིན་པ་བཅས་རེད། སྤྱི་པའི་ཁུལ་གྱི་སྒྲིག་བཀོད་དང་། མིང་བྱང་། བརྡ་ཁྱབ་བཅས་ཚང་མར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་སྤྱད་ཡོད་པ་དང་། འཕྲོད་བསྟེན་དང་། སྦྲག་སྲིད། འཕྲིན་གཏོང་། འགྲིམ་འགྲུལ། དངུལ་རྩ། ཚན་རྩལ་སོགས་ཁྱབ་ཁོངས་སུ་བོད་སྐད་ཡིག་རྒྱ་ཁྱབ་ངང་སྤྱད་ཡོད།
སློབ་གསོ་དང་ཐ་སྙད་ཚད་ལྡན་ཅན་གྱི་ཁྱབ་ཁོངས་སུ་བོད་སྐད་ཡིག་སློབ་སྦྱོང་དང་འཕེལ་རྒྱས་གཏོང་བའི་དབང་ཆ་འགན་སྲུང་བྱས་ཡོད། བོད་ཀྱི་སློབ་གྲྭ་འབྲིང་ཆུང་ཚང་མར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་ཚན་དང་བོད་སྐད་ཡིག་སློབ་ཚན་བཀོད་སྒྲིག་བྱས་ཡོད། 2015ལོའི་ལོ་མཇུག་ཏུ་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཡི་གེའི་ཆ་འཕྲིན་ལག་རྩལ་ཐ་སྙད་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི《ཆ་འཕྲིན་ལག་རྩལ་སྐོར་གྱི་བོད་ཡིག་ཐ་སྙད》དངོས་སུ་ཁྱབ་བསྒྲགས་བྱས་ཡོད། རྒྱལ་ཡོངས་བོད་སྐད་ཐ་སྙད་ཚད་ལྡན་ཅན་ལས་དོན་ཨུ་ལྷན་གྱིས་2018ལོ་དང་2022ལོར་སྔ་རྗེས་སུ་བོད་སྐད་ཀྱི་ཐ་སྙད་གསར་པ་1500དང་2200ཁྱབ་བསྒྲགས་བྱས་ཡོད། 2023ལོར་ཤར་གཏོང་ཐུབ་པའི་རྒྱ་བོད་ཤན་སྦྱར་ཐ་སྙད་འཚོལ་བཤེར་ལས་སྟེགས་ནང་ཚད་ལྡན་ཐ་སྙད་ཁྲི་30ཡི་གྲངས་གཞིའི་མཛོད་བཙུགས་ཡོད།
ལྔ། ཆོས་དད་རང་མོས་ལ་སྲུང་སྐྱོང་ནུས་ལྡན་བྱུང་བ།
བོད་ཀྱིས་ཏང་གི་ཆོས་དད་རང་མོས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱས་པས། ཆོས་དད་རང་མོས་འགན་སྲུང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཏེ་ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།
—— ཆོས་ལུགས་ཀྱི་བྱེད་སྒོ་ཁྲིམས་ལྟར་སྤེལ་བ།
ཀྲུང་གོའི་རྩ་ཁྲིམས་སུ་སྤྱི་དམངས་ཀྱི་ཆོས་དད་རང་མོས་ལ་འགན་སྲུང་བྱེད་དགོས་པ་ཁ་གསལ་བཏོན་ཡོད། བཟོ་བཅོས་ལག་བསྟར་བྱས་པའི《ཆོས་ལུགས་ལས་དོན་སྲོལ་ཡིག》ནང་སྤྱི་དམངས་ཀྱི་ཆོས་དད་རང་མོས་དང་ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། བོད་བརྒྱུད་ནང་བསྟན་དང་། དབྱི་སི་ལམ་ཆོས་ལུགས། གནམ་བདག་ཆོས་ལུགས་སོགས་ཆོས་ལུགས་མང་པོ་བོད་དུ་དུས་ཡུན་རིང་པོར་མཉམ་དུ་གནས་ཡོད། ད་ཆ་བོད་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་1700ལྷག་ཙམ་དང་གྲྭ་བཙུན་ཁྲི་4.6ཙམ་ཡོད་པ་དང་། དབྱི་སི་ལན་གྱི་ཆོས་ཁང་4དང་། མི་རབས་ནས་མི་རབས་བར་དེར་སྡོད་པའི་མུའུ་སི་ལིན་གྱི་མང་ཚོགས་ཁྲི་1.2ཙམ་ཡོད་པ། གནམ་བདག་ཆོས་ལུགས་ཀྱི་ཆོས་ཁང་1དང་དད་ལྡན་པ་700ལྷག་ཙམ་ཡོད། བོད་ཀྱིས་ཆོས་ལུགས་རང་ཚུགས་དང་། རང་བདག རང་གཉེར་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཁྲིམས་མཐུན་ལ་སྲུང་སྐྱོབ་དང་། ཁྲིམས་འགལ་ལ་བཀག་འགོག ཐལ་སྐྱོད་གཏན་འགོག སིམ་འཛུལ་སྔོན་འགོག ཉེས་གསོག་ལ་རྡུང་རྡེག་བཅས་བྱེད་པ་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ཤིང་། 《〈ཆོས་ལུགས་ལས་དོན་སྲོལ་ཡིག〉ལག་བསྟར་བྱེད་ཕྱོགས་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས》དང《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་བྱེད་སྒོ་ཆེ་གྲས་ལ་དོ་དམ་བྱེད་ཐབས》སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྔ་རྗེས་སུ་ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱུན་གཏན་གྱི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ཡོད། སྤྱི་དམངས་ཀྱི་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་ཐམས་ཅད་ཆོས་ལུགས་ཚོགས་པའམ་ཡང་ན་སྤྱི་དམངས་ཀྱིས་རང་མོས་དང་རང་འདོད་ཀྱིས་སྤེལ་བ་ལས། རྩ་འཛུགས་སུ་ཞིག་དང་མི་སྒེར་སུ་ཞིག་གིས་ཀྱང་ཐེ་གཏོགས་བྱས་མི་ཆོག དད་ལྡན་མང་ཚོགས་ཀྱི་ཁྱིམ་དུ་ཡོངས་ཁྱབ་ཏུ་མཆོད་ཁང་ངམ་ཡང་ན་མཆོད་གཤོམ་ཡོད། བོད་བརྒྱུད་ནང་བསྟན་དགོན་སྡེར་དཔེ་ཆ་སྦྱོང་བ་དང་། མཚན་ཉིད་རྩོད་པ། སྡོམ་པ་ལེན་པ། དབང་བསྐུར་བ། སྒོམ་སྒྲུབ་སོགས་ཀྱི་སྲོལ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་དང་དགོན་སྡེའི་དཔེ་ཆ་སྦྱོང་བའི་དཔྱད་ཞིབ་རིམ་འཕར་དང་སློབ་གནས་འཕར་བའི་བྱེད་སྒོ་རྒྱུན་གཏན་ལྟར་སྤེལ་བ་མ་ཟད། ཞོ་སྟོན་དང་། དགའ་ལྡན་ལྔ་མཆོད། ས་ག་ཟླ་བ། རི་སྐོར་དང་མཚོ་སྐོར་སོགས་ཆོས་ལུགས་ཀྱི་དམངས་སྲོལ་བྱེད་སྒོ་1700ལྷག་ཙམ་རྒྱུན་གཏན་ལྟར་སྤེལ་གྱི་ཡོད། ཁྲིམས་མཐུན་གྱི་ཆོས་ལུགས་བྱེད་སྒོར་སྲུང་སྐྱོབ་ནུས་ལྡན་ཐུབ་པ་དང་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཀྱི་དགོས་མཁོ་གང་ལེགས་བསྐངས་ཡོད།
—— སྤྲུལ་སྐུའི་ཡང་སྲིད་རྒྱུན་འཛིན་ཚད་ལྡན་དང་གོ་རིམ་ལྡན་པ།
རྒྱལ་ཁབ་དང་བོད་ཀྱི་རིམ་ཁག་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་སྲོལ་རྒྱུན་ལ་བརྩི་འཇོག་གང་ལེགས་བྱས་ཏེ《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས》དོན་འཁྱོལ་ནན་པོ་བྱས་ནས་ཁྲིམས་ལྟར་སྤྲུལ་སྐུའི་ཡང་སྲིད་དོ་དམ་ཚད་ལྡན་དུ་བཏང་ཡོད། ནང་བསྟན་ཚོགས་པའི་མཛུབ་ཁྲིད་འོག་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་གཞིར་བཟུང་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་རྒྱུན་འཛིན་དོན་གནད་གཏན་འཁེལ་བྱས་ཡོད། 2016ལོར“བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག”དྲ་ཐོག་ཏུ་བཙུགས་ནས་རྒྱལ་ནང་གི་ཆོས་ལུགས་ལས་རིགས་མི་སྣའི་ཐོབ་ཐང་ཆ་འཕྲིན་དྲ་སྦྲེལ་ནས་འདྲི་རྩད་ཐུབ་ཀྱི་ཡོད། 2024ལོའི་བར་སྤྲུལ་སྐུའི་ཡང་སྲིད་93ལ་ཆོག་མཆན་ཐོབ་ནས་ངོས་འཛིན་བྱས་པར་སྤྲུལ་སྐུའི་ཡང་སྲིད་ཀྱི་ཁྲིམས་མཐུན་རང་བཞིན་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད།
—— ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ།
བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དང་རིག་དངོས་གནའ་ཤུལ་ཁྲིམས་ལྟར་སྲུང་སྐྱོང་ནུས་ལྡན་བྱས་ཏེ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་བཏང་ཡོད། སྟག་ལུང་དགོན་དང་མཚུར་ཕུ་དགོན་སོགས་དགོན་སྡེ་14རུ་ཡན་ལག་དཔེ་མཛོད་ཁང་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཡན་ལག་ཁང་། གནའ་དཔེ་ཁང་། རིག་དངོས་འགྲེམས་སྟོན་ཁང་བཅས་བཙུགས་ཡོད། 2011ལོ་ནས་བཟུང་དགོན་སྡེའི་གྲྭ་ཤག་གཅིག་གྱུར་གྱིས་ཉམས་གསོ་བསྒྱུར་བཀོད་དང་། དགོན་སྡེའི་རྒན་གསོ་ཁང་བསྐྲུན་པ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མཁོ་འདོན་བཅས་བྱས་པ་དང་དགོན་སྡེ་98%ཡན་ལ་འགྲོ་ལམ་དང་། འཕྲིན་གཏོང་། གློག ཆུ། རླུང་འཕྲིན་བརྙན་འཕྲིན་བཅས་ཤར་གཏོང་ཐུབ་ནས། རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཤུགས་ཆེར་ཕྱིན་པ་དང་རྒྱ་ཆེའི་གྲྭ་བཙུན་ཐོས་བསམ་ལ་གཞོལ་བའི་འཚོ་བའི་ཆ་རྐྱེན་ལེགས་སུ་བརྟན་པོར་ཕྱིན་ཡོད།
—— ཆོས་ལུགས་ལས་རིགས་མི་སྣའི་སྤྱི་ཚོགས་འགན་སྲུང་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ།
ལྗོངས་ཡོངས་ཀྱི་གྲྭ་བཙུན་རྣམས་སྤྱི་ཚོགས་འགན་སྲུང་མ་ལག་ནང་བཅུག་ཡོད། 2015ལོ་ནས་བཟུང་བོད་ཀྱིས་དགོན་སྡེའི་འཕྲོད་བསྟེན་ཁང་འཛུགས་སྐྲུན་དང་དགོན་སྡེའི་སྨན་པ་གསོ་སྐྱོང་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་དགོན་སྡེའི་གྲྭ་བཙུན་གྱི་སྤྱི་ཚོགས་འགན་སྲུང་ཐོབ་ཐང་ལོ་རེ་བཞིན་མཐོ་རུ་བཏང་སྟེ་སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་འདེགས་ཧུར་ཐག་མཁོ་འདོན་བྱས་ཡོད། སྲིད་གཞུང་གིས་ལོ་ལྟར་ཁ་གསབ་སྒོར་ཁྲི་2600ལྷག་ཙམ་སྤྲད་དེ་གྲྭ་བཙུན་གྱི་སྨན་བཅོས་འགན་བཅོལ་དང་། རྒན་གསོ་འགན་བཅོལ། མ་མཐའི་འཚོ་བ་འགན་ལེན། བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ། གཟུགས་པོ་བརྟག་དཔྱད་བཅས་ཚང་མར་ཁྱབ་པ་བྱས་ཡོད།
—— ཆོས་ལུགས་སློབ་གསོ་དང་དེང་རབས་སློབ་གསོའི་རྣམ་པ་འབྲེལ་མཐུད་ནུས་ལྡན་བྱུང་བ།
《ཆོས་ལུགས་སློབ་གླིང་གི་དོ་དམ་བྱེད་ཐབས》ཁྱབ་བསྒྲགས་བྱས་ཏེ། ཆོས་ལུགས་སློབ་གླིང་གི་དོ་དམ་ཚད་ལྡན་དུ་བཏང་བ་དང་། ཆོས་ལུགས་སློབ་གླིང་གི་སློབ་གསོའི་སློབ་ཁྲིད་སྤུས་ཚད་མཐོ་རུ་བཏང་ཞིང་། ཆོས་ལུགས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད། རྒྱལ་ཡོངས་སུ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་བོད་ལྗོངས་ནང་བསྟན་སློབ་གླིང་སོགས་བོད་བརྒྱུད་ནང་བསྟན་སློབ་གླིང་9འཆར་འགོད་བྱས་ནས་བསྐྲུན་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་9.2བཏང་ཡོད། དགོན་སྡེའི་སྲོལ་རྒྱུན་དཔེ་ཆ་སྦྱོང་བའི་མ་ལག་དང“རིམ་གསུམ་མཚན་གནས”ཀྱི་དེང་རབས་སློབ་གསོའི་རྣམ་པ་འབྲེལ་མཐུད་ནུས་ལྡན་བྱས་ནས་བོད་ཀྱི་དགེ་འདུན་པ་130ལ་བོད་བརྒྱུད་ནང་བསྟན་གྱི་མཚན་གནས་མཐོ་ཤོས“མཐོ་རམས་པའི”མཚན་གནས་ཐོབ་པ་དང་། བོད་ལྗོངས་ནང་བསྟན་སློབ་གླིང་དང་དེའི་ཡན་ལག་སློབ་གླིང་10ལ་དཔེ་ཆ་སྦྱོང་བཞིན་པའི་དགེ་འདུན་པ་3000ལྷག་ཙམ་ཡོད། བོད་ཡིག་གི《ཀྲུང་ཧྭའི་བཀའ་བསྟན་འགྱུར(བོད་རིག་པའི་ཞིབ་འཇུག་པར་གཞི)》དང《གངས་ཅན་རིག་མཛོད》སོགས་ཀྱི་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་དཔེ་སྐྲུན་བྱས་པ་དང་། བོད་ཡིག་གི《ཀྲུང་ཧྭའི་བཀའ་བསྟན་འགྱུར》གྱི་གློག་རྡུལ་པར་གཞི་འགྲེམས་སྤེལ་བྱས་པ། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཆོ་ག་དང་། རྣམ་ཐར། ཆེད་རྩོམ་སོགས་གསུང་རབ་དེབ་རྐྱང་མ་པར་འདེབས་བྱས་ནས་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་དཔེ་ཆ་སྦྱོང་བའི་དགོས་མཁོ་སྣ་ཚོགས་བསྐངས་ཡོད། བོད་བརྒྱུད་ནང་བསྟན་ལ་ཞིབ་འཇུག་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་བས་བོད་བརྒྱུད་ནང་བསྟན་གྱི་ཚན་རིག་ཞིབ་འཇུག་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད།
དྲུག ཁོར་ཡུག་གི་ཁེ་དབང་འགན་སྲུང་ནུས་ལྡན་དང་གང་ལེགས་བྱུང་བ།
བོད་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས། “མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཡིན་པའི”འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ། དེང་རབས་ཅན་འཛུགས་སྐྲུན་ཁྲོད་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་བོད་འདི་ཉིད་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་པ་དང་མི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁེ་དབང་འགན་སྲུང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད།
—— ཁོར་ཡུག་གི་ཁེ་དབང་འགན་སྲུང་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ།
2023ལོའི་ཟླ་4ཚེས་26ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》ལ་གྲོས་འཆམ་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་སྲོལ་ཡིག》དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》 《བོད་རང་སྐྱོང་ལྗོངས་ཀྱི་འཁྱགས་རོམ་སྲུང་སྐྱོབ་སྲོལ་ཡིག》བཅས་ཁྱབ་བསྒྲགས་བྱས་པ་དང་། 《མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང་། 《སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》 《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་གཏོད་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་མགྱོགས་པོ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས》བཅས་བཏོན་ཡོད།
ཁོར་ཡུག་གི་ཁེ་དབང་འགན་སྲུང་གི་ཁྲིམས་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཁོར་ཡུག་གི་ཁེ་དབང་འགན་སྲུང་ལ་བཅའ་ཁྲིམས་དང་ལམ་ལུགས་ཀྱི་འདེགས་སྐྱོར་གལ་ཆེན་བྱས་ཡོད།
—— སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ།
བོད་ཀྱིས་རང་བྱུང་སྲུང་སྐྱོབ་ཁུལ་སྣ་ཚོགས་47བཙུགས་པར་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་ཡོད། སྐམ་སའི་རི་སྐྱེས་སྲོག་ཆཌ་ཐོན་ཁུངས་བརྟག་དཔྱད་ཐེངས་གཉིས་པར་གཞིགས་ན། ད་ཆ་བོད་དུ་སྐམ་སའི་རི་སྐྱེས་སྒལ་ཚིགས་སྲོག་ཆགས་རིགས་1072ཡོད་པ་དང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་རིགས་246ཡོད། ཐོ་འགོད་བྱས་པའི་སྦུག་ཆུན་ཡོད་པའི་རྩི་ཤིང་རིགས་7504ཡི་ནང་བོད་ལ་དམིགས་བསལ་དུ་ཡོད་པའི་རྩི་ཤིང་རིགས་1075དང་རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་རྩི་ཤིང་རིགས་169ཡོད། གཙང་པོ་གལ་ཆེན་33གཙོ་བོར་བྱས་པའི་གཙང་ཆུའི་ཆུ་འགོར་བརྒྱུད་རིམ་ལྡན་པའི་ངང་སྲུང་སྐྱོབ་བྱས་པ་དང་། སྐྱིད་ཆུ་དང་། མྱང་ཆུ། གྲི་གུ་མཚོ་སོགས་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རྣམ་གྲངས་ལག་བསྟར་བྱས་ཏེ། གཙང་པོ་དང་མཚོའི་དོ་དམ་སྲུང་སྐྱོབ་ཁྱབ་ཁོངས་དབྱེ་འབྱེད་བྱས་ནས་ཆུ་རྩ་གསོ་འཁྱོངས་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང(གདང་ལའི་བྱང་རྒྱུད་ས་ཁོངས)བཙུགས་ཡོད། བོད་ཀྱི་གཙང་པོ་དང་མཚོ་གཙོ་བོའི་ཆུའི་སྤུས་ཚད་སྤྱི་ཡོངས་ནས་ཡག་པོ་རྒྱུན་འཁྱོངས་ཐུབ་སྟེ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དེ་མཚུངས་ཆུ་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིར་སླེབས་ཡོད། རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་བརྟག་དཔྱད་ཐེངས་གསུམ་པའི་གྲངས་གཞི་ལས་མངོན་པར། བོད་ཀྱི་ནགས་ས་དང་། སྤང་། འདམ་ར། ཆུ་ཁོངས་སོགས་སྐྱེ་ཁམས་ནུས་པ་ཅུང་ཆེ་བའི་ས་ཆའི་རིགས་སྤྱི་ལེ་ངོས་གྲུ་ཁྲི་108.11བར་མང་དུ་ཕྱིན་ཡོད།
—— ཁོར་ཡུག་ལྟ་ཞིབ་ཚད་ལེན་རྒྱུན་རྣམ་ཅན་དུ་གྱུར་པ།
བོད་ཀྱིས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ནས་ས་ངོས་ཀྱི་ཆུ་དང་། འཐུང་ཆུའི་ཆུ་འགོ་ཁུལ། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་སོགས་ལྟ་ཞིབ་ཚད་ལེན་དྲ་རྒྱ་གཙོ་གནད་དུ་བཟུང་སྟེ། ཁྲོན་བོད་ལྕགས་ལམ་ལམ་རྒྱུད་དང་ཇོ་མོ་གླང་མའི་རོང་ཕུ་ཆུ་བོ་སོགས་དཔེ་མཚོན་ས་ཁོངས་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་རྒྱུན་མཐུད་བྱས་ཡོད། 2016ལོ་ནས་བཟུང་བོད་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་སྤྱི་ཡོངས་ནས་ལེགས་པོ་རྒྱུན་འཁྱོངས་ཐུབ་ཅིང་། ས་ཁུལ(གྲོང་ཁྱེར)7གྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་རྒྱལ་ཁབ་ཀྱི་རིམ་པ་གཉིས་པ་དང་དེ་ཡན་གྱི་ཚད་གཞིར་སླེབས་ཡོད། 2024ལོར་ལྷ་ས་གྲོང་ཁྱེར་དེ་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཀྱི་མཁའ་རླུང་སྤུས་ཚད་ཀྱི་མིང་གྲལ་ཁྲོད་ཨང་དང་པོར་སླེབས་ཡོད། ཇོ་མོ་གླང་མའི་ས་ཁོངས་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་མུ་མཐུད་སྤུས་ལེགས་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་རིམ་པ་དང་པོའི་ཚད་གཞིར་སླེབས་ཡོད།
—— གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ།
བོད་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་མཛེས་སྡུག་གནས་འཕྲོད་ཀྱི་དཔེ་སྟོན་གྲོང་ཚོ་འཛུགས་གཏོད་ལས་དོན་གྱི་མཛུབ་ཁྲིད་བསམ་འཆར》དང《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་མཛེས་སྡུག་གནས་འཕྲོད་ཀྱི་དཔེ་སྟོན་གྲོང་ཚོ་གཏན་འཁེལ་བྱེད་ཐབས》བཟོས་ནས་བཏོན་པ་དང་། ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་ལས་དོན་གྱི་ཁ་ཕྱོགས་དང་གཙོ་གནད་ལས་འགན་དབྱེ་འབྱེད་བྱས་ཏེ་གད་སྙིགས་རིགས་དབྱེ་གཙང་སེལ་དང་། བཙོག་ཆུ་འབུད་པ། ཞིང་ལས་ཐོན་སྐྱེད་ལས་བྱུང་བའི་སྦགས་བཙོག་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། 2024ལོའི་ལོ་མཇུག་བར་ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་གི་གསང་སྤྱོད་ཁྲི་43བསྒྱུར་བཀོད་བྱས་པ་དང་ཁྱབ་གདལ་གཏོང་ཚད་80.3%ཟིན་ནས་ཞིང་འབྲོག་མང་ཚོགས་དེ་བས་མང་བར་གཙང་སྦྲ་དོད་པའི་གསང་སྤྱོད་སྤྱོད་རྒྱུ་བྱུང་ནས་སྤྱི་པའི་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་སོགས་བརྒྱུད་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དང་དུས་མཚུངས་མི་དམངས་མང་ཚོཌ་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་རིམ་བཞིན་ཟབ་ཏུ་ཕྱིན་ཡོད། 2022ལོའི་ཟླ་3པར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་9.43བཏང་བའི་ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་སྐྱེ་ཁམས་བཅོས་སྐྱོང་གི་དུས་ཐེངས་དང་པོའི་ལས་གྲྭ་ལེགས་གྲུབ་བྱུང་ཞིང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་24བཏང་བའི་དུས་ཐེངས་གཉིས་པའི་ལས་གྲྭར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཆུ་རྒྱུད་སྦྲེལ་མཐུད་དང་། སྦགས་བཙོག་འགོག་པ། མཛེས་ལྗོངས་ལེགས་སུ་གཏོང་བ་བཅས་བརྒྱུད་མིའི་འཚོ་སྡོད་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ཡོད། ས་བབ་མཐོ་ཚད་སྨི་4300མན་གྱི་ས་ཁུལ་དུ“ལྗོན་ཤིང་མེད་པའི་གྲོང་ཚོ”1079དང“ལྗོན་ཤིང་མེད་པའི་དུད་ཚང”ཁྲི་10.47ལྷག་ཙམ་ཚང་མར་ལྗོན་ཤིང་ཡོད་པར་བྱས་ནས། “ལྗོན་ཤིང་མེད་པའི་གྲོང་ཚོ་དང་ལྗོན་ཤིང་མེད་པའི་དུད་ཚང”གཅིག་ཀྱང་མི་ལྷག་པར་བྱེད་པའི་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་ཡོད། གྲོང་གསེབ་ཀྱི་སྔོ་འགྱུར་མཛེས་བཟོའི་བྱ་སྤྱོད་སྤེལ་ནས་སྲིད་འཛིན་གྲོང་ཚོ་2261ལ་ཤིང་འཛུཌ་ནགས་བཟོའི་ལྕང་སོན་རྐང་ཁྲི་1031ལྷག་ཙམ་བཏབ་ཡོད། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སོཌ་ཀྱི་རྣམ་གྲངས་སྤེལ་ནས་ཁྱོན་བསྡོམས་ནགས་བཟོ་མུའུ་ཁྲི་1057.61དང་ནགས་ཚལ་མུའུ་ཁྲི་382.64གསོ་སྐྱོང་ལེགས་གྲུབ་བྱུང་ཡོད། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་བ་བརྒྱུད། མི་རེའི་ཆ་སྙོམས་ཀྱི་སྔོ་ལྗང་རྒྱ་ཁྱོན་ཇེ་ཆེར་ཕྱིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད།
—— སྐྱེ་ཁམས་ཀྱི་ཁ་གསབ་ལམ་ལུགས་དོན་འཁྱོལ་ནུས་ལྡན་བྱུང་བ།
སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་ལེགས་གཏོང་ལ་སྤྱི་འདོམས་བྱས་ཡོད། 2017ལོར《སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་ལག་བསྟར་བསམ་འཆར》ཁྱབ་བསྒྲགས་བྱས་ནས། 2018ལོ་ནས་2024ལོ་བར་སྐྱེ་ཁམས་ཁ་གསབ་བྱ་དགའི་དངུལ་སྒོར་དུང་ཕྱུར་953.96དོན་འཁྱོལ་བྱས་ཡོད། 2021ལོ་ནས་བཟུང་བོད་ཀྱིས་ཀྲུང་དབྱང་ནོར་སྲིད་ཀྱི་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་དངུལ་སྒོར་དུང་ཕྱུར་69.3བཏང་བ་དང་རྒྱལ་ཁབ་ལ་དབང་བ་དང་མ་དབང་བའི་ནགས་ཚལ་མུའུ་དུང་ཕྱུར་1.78ལ་གཡོག་བྱེད་ནུས་ལྡན་བྱས་པས་ནགས་ཚལ་ཐོན་ཁུངས་མངོན་གསལ་དོད་པོས་འཕར་བ་དང་ཞིང་འབྲོག་པ་ཁྲི་210ལྷག་ཙམ་ལ་དེའི་ཁྲོད་ནས་ཐད་ཀར་རམ་ཤུགས་སུ་ཕན་པ་ཐོབ་ཡོད། སྐྱེ་ཁམས་ཀྱི་ཁ་གསབ་ལམ་ལུགས་ལག་བསྟར་བྱས་པ་བརྒྱུད་ཞིང་འབྲོག་པའི་ཡོང་འབབ་མང་དུ་ཕྱིན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཧུར་སེམས་ཆེ་རུ་ནུས་ལྡན་ཕྱིན་ཞིང་། སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བར་སྐུལ་མ་ཐེབས་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ལས་གནས་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཟོས་ནས་སྐྱེ་ཁམས་ལས་གནས་བཙུགས་པ་བརྒྱུད། སྐྱེ་ཁམས་ཁྱབ་ཁོངས་ཀྱི་ལྗང་མདོག་ལས་ཞུགས་དང་། ལས་གཏོད། འབབ་འཕར་བཅས་ལ་སྐུལ་འདེད་བཏང་ཡོད། 2016ལོ་ནས་2024ལོ་བར་མང་ཚོགས་ལ་ལོ་རེར་ཆ་སྙོམས་སྐྱེ་ཁམས་སྲུང་སྐྱོབ་ལས་གནས་ཁྲི་51.6མཁོ་འདོན་བྱས་པར་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་3500བྱུང་ཡོད།
བདུན། ཆེད་དམིགས་ཚོགས་སྤྱིའི་ཁེ་དབང་ལ་འདྲ་མཉམ་ངང་འགན་སྲུང་ཐུབ་པ།
དུས་རབས་གསར་པའི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ཐད་མི་ཚང་མར་འདྲ་མཉམ་ངང་ཕན་པ་ཐོབ་ཡོད། ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་བུད་མེད་དང་། བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན་སོགས་ཆེད་དམིགས་ཚོགས་སྤྱིའི་ཁེ་དབང་འགན་སྲུང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཁེ་དབང་འགན་སྲུང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བས། ཆེད་དམིགས་ཚོགས་སྤྱི་ཁག་ལ་མི་ཚེའི་གཟི་བརྗིད་དང་ཕུགས་འདུན་མངོན་འགྱུར་བྱེད་པའི་གོ་སྐབས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
—— བུད་མེད་ཀྱི་ཁེ་དབང་འགན་སྲུང་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་སོང་བ།
བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱས་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས〉ལག་བསྟར་བྱེད་ཕྱོགས་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས》བཟོ་བཅོས་བརྒྱབ་ནས་བུད་མེད་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་འཕེལ་རྒྱས་འཆར་འགོད(2021ལོ་ནས་2025ལོ)བར》ཁྱབ་བསྒྲགས་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་བུད་མེད་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དང་ལས་ཀའི་གཙོ་གནད་འཆར་འགོད་བཀོད་སྒྲིག་བྱས་ཡོད།
བུད་མེད་ཀྱི་ཆབ་སྲིད་ཁེ་དབང་ལ་འགན་སྲུང་ཐུབ་ཡོད། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས〉ལག་བསྟར་བྱེད་ཕྱོགས་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས》ནང་། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། རྩ་འཛུགས་གཞན་དག་བཅས་ཀྱིས་ངེས་པར་དུ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་ནང་ཞུགས་པའི་བུད་མེད་ཀྱི་ཆབ་སྲིད་ཁེ་དབང་ལ་འགན་སྲུང་བྱ་དགོས་ལུགས་གཏན་འབེབས་ཁ་གསལ་བྱས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་བོད་ཀྱི་འཐུས་མི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པར་ཞུགས་མཁན་བོད་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཁྲོད་བུད་མེད་ཀྱིས་བཟུང་བའི་བསྡུར་ཚད་36.6%དང་། 28%22.6%བཅས་སོ་སོར་ཟིན་ཡོད། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཁྲོད་བུད་མེད་ཀྱིས་བཟུང་བའི་བསྡུར་ཚད་32.4%དང་། 30.6% 28.1%བཅས་སོ་སོར་ཟིན་པ་དང་། བོད་ཀྱི་སྲིད་འཛིན་གྲོང་ཚོ(སྡེ་ཁུལ)100%ལ“ཨུ་ལྷན་གཉིས”ཀྱི་ཁོངས་མིར་བུད་མེད་ཡོད།
བུད་མེད་ཀྱི་བདེ་ཐང་འགན་སྲུང་ཆ་རྐྱེན་སྔར་ལས་ལེགས་སུ་ཕྱིན་ཡོད། མ་བུའི་བདེ་འཇགས་དང་བདེ་ཐང་བྱིས་པའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ཏེ། བུད་མེད་ཁྲི་50ལྷག་ཙམ་ལ་ནུ་མའི་འབྲས་སྐྲན་དང་མངལ་སྐེའི་འབྲས་སྐྲན་བརྟག་དཔྱད་བྱས་ཡོད། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཞིང་འབྲོག་པའི་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བའི་ཐད་སྨན་བཅོས་འགྲོ་གྲོན་ཆ་ཚང་རྩིས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོད་པ་ཕུད། ད་དུང་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བའི་ཁ་གསབ་སྒོར་1000དང་སྔ་སྣུར་དུ་ཕྲུ་གུ་སྐྱེ་རྒྱུ་སྒུག་བསྡད་པའི་འཚོ་བའི་ཁ་གསབ་སྒོར་300ཐེངས་གཅིག་ལ་སྤྲད་ཡོད། ཉེ་བའི་ལོ་ལྔའི་རིང་བོད་ཀྱིས་རིམ་རྩིས་བརྒྱབ་ན་ཞིང་འབྲོག་ཁུལ་གྱི་སྦྲུམ་མ་ཁྲི་26.7ལྷག་ཙམ་ལ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བའི་ཁ་གསབ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་སྤྲད་ཡོད། བོད་དུ་སྨན་ཁང་ལ་བསྡད་ནས་ཕྲུ་གུ་སྐྱེ་ཚད་2012ལོའི་75.8%ནས་2023ལོའི་99.15%བར་མཐོ་རུ་ཕྱིན་པ་དང་སྦྲུམ་མ་ཤི་ཚད་38.63/ཁྲི་10བར་ཆག་ཡོད། 2023ལོར་གཞི་རྩའི་རྒན་གསོ་འགན་བཅོལ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་བུད་མེད་ཁྲི་117.73དང་ཁྲི་161.52སོ་སོར་ཟིན་ཡོད།
བུད་མེད་ཀྱིས་སློབ་གསོ་དང་ལེན་བྱེད་པའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཕོ་མོའི་ཧེ་བག་གཞི་རྩའི་ཆ་ནས་མེད་པར་བཟོས་ནས་མཐོ་རིམ་དཀྱུས་མའི་སློབ་གསོ་དང་། ཞིབ་འཇུག་སློབ་མའི་སློབ་གསོ། དར་མའི་མཐོ་རིམ་སློབ་གསོ་བཅས་ཀྱི་ཁྲོད་སློབ་གྲྭར་འགྲོ་མུས་ཀྱི་བུད་མེད་སློབ་མའི་བསྡུར་ཚད་ཚང་མ་50%ཡན་རྒྱུན་འཁྱོངས་ཐུབ་ཡོད།
—— བྱིས་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།
བྱིས་པའི་ཁེ་དབང་འགན་སྲུང་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས〉ལག་བསྟར་བྱེད་པའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས》བཟོ་བཅོས་བརྒྱབ་སྟེ་ཁྱིམ་ཚང་གི་སྲུང་སྐྱོབ་དང་། སློབ་གྲྭའི་སྲུང་སྐྱོབ། སྤྱི་ཚོགས་ཀྱི་སྲུང་སྐྱོབ། དྲ་རྒྱའི་སྲུང་སྐྱོབ། སྲིད་གཞུང་གི་སྲུང་སྐྱོབ། ཁྲིམས་འཛིན་གྱི་སྲུང་སྐྱོབ་བཅས་ཕྱོགས་དྲུག་ནས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུའི་གཏན་འབེབས་བྱས་ཡོད། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས〉ལག་བསྟར་བྱེད་པའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས》བཟོས་ཏེ་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་བཀོད་ལྟ་སྐུལ་འགན་ནུས་བརྒྱུད། ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་གི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་དང་ལས་ཀའི་བྱེད་ཐབས་ཁག་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས། ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་འབྱུང་རྩ་ནས་སྔོན་འགོག་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་བྱིས་པའི་འཕེལ་རྒྱས་འཆར་འགོད(2021ལོ་ནས་2025ལོ་བར)》ཁྱབ་བསྒྲགས་བྱས་ཡོད། བོད་དུ་ལོ་ཆུང་ཁྲིམས་ར་32དང་། ན་སོ་དར་ལ་མ་བབས་པའི་མིའི་ཉེས་དོན་དང་། དམངས་དོན། སྲིད་འཛིན་བཅས་ཀྱི་གྱོད་གཞི“གསུམ་གཅིག་ཏུ་བསྒྲིལ་བའི”འདྲི་གཅོད་ཚོགས་པ་82 ན་སོ་དར་ལ་མ་བབས་པའི་མིའི་གཅིག་སྡུད་རྣམ་པའི་ཞིབ་དཔྱོད་འདྲི་རྩད་རོགས་སྐྱོབ་ལྟེ་གནས་11བཅས་བཙུགས་ཡོད།
བྱིས་པའི་བདེ་ཐང་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཟླ་བ་6ནས་36བར་གྱི་བྱིས་པར་རིན་མེད་ངང་འཚོ་བཅུད་ཁུག་མ་སྤྲད་ནས་བྱིས་པ་ཁྲི་16ཙམ་ལ་ཕན་པ་ཐོབ་ཡོད། 2013ལོ་ནས་བཟུང་། བྱིས་པའི་འཚོ་བཅུད་ལེགས་གཏོང་རྣམ་གྲངས་ཚོད་ལྟའི་ལག་བསྟར་བྱས་པ་དང་2016ལོར་རྫོང(ཆུས་དང་གྲོང་ཁྱེར)74ཚང་མར་ཁྱབ་པ་དང་། 2021ལོར་བྱིས་པའི་འཚོ་བཅུད་ལེགས་གཏོང་རྣམ་གྲངས་དེ་བདེ་ཐང་དབུལ་སྐྱོར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ནང་བཅུག་ཡོད། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མ་བུ་བདེ་སྲུང་བཅའ་ཁྲིམས〉ལག་བསྟར་བྱེད་པའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས》བཟོ་བཅོས་བརྒྱབ་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་མ་བུ་བདེ་འཇགས་བྱ་སྤྱོད་འཆར་གཞི་ལག་བསྟར་ཇུས་གཞི་དང་བདེ་ཐང་བྱིས་པའི་བྱ་སྤྱོད་འཆར་གཞི་ལག་བསྟར་ཇུས་གཞི》སོགས་སྲིད་ཇུས་ཡིག་ཆ་བཏོན་ཞིང་། ཕྲུ་གུ་དམར་འབྱར་ཤི་ཚད་2023ལོའི་5.37‰བར་ཆག་ཡོད།
བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོབ་བྱེད་པའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་དང་ཞབས་འདེགས་ཞུ་བའི་སྤུས་ཚད་མཐོར་གཏོང་གི་ལོ་གསུམ་བྱ་སྤྱོད་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པའི་གཞི་རྩའི་ཁེ་དབང་ལ་ཕྱོཌ་ཡོངས་ནས་འགན་སྲུང་བྱས་པ་དང་། ལྟ་སྐྱོང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་སོང་ཞིང་། གཅེས་སྐྱོང་དང་ཞབས་ཞུ་དེ་བས་གནད་སྨིན་དང་ཕན་ཆེ་བྱུང་ནས་བདེ་འཇགས་འགོག་སྲུང་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། “ཕན་བདེའི་རྒྱན་ཤོག་གིས་ཕུགས་འདུན་མངོན་འགྱུར་བྱེད་པའི་དྭ་ཕྲུག་གི་སློབ་སྐྱོར་འདུ་འགོད”རྣམ་གྲངས་ལག་བསྟར་བྱས་པར་རིམ་རྩིས་བརྒྱབ་ན་སློབ་སྐྱོར་དངུལ་སྒོར་ཁྲི་7662སྤྲད་དེ་དྭ་ཕྲུག་གི་སློབ་གསོ་ཐོབ་དབང་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། བོད་དུ་བྱིས་པའི་ཕན་བདེའི་སྒྲིག་གཞི་11ཡོད་པ་དང་། དྭ་ཕྲུག་དང་དངོས་སུ་གསོ་ཉར་བྱེད་མཁན་མེད་པའི་བྱིས་པའི་གཞི་རྩའི་འཚོ་བའི་འགན་ལེན་ཚད་གཞི་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་མི་རེར་ཟླ་རེར་མཐོ་ཤོས་སྒོར་1982ཟིན་ཡོད།
—— རྒན་རྒོན་གྱི་ཁེ་དབང་འགན་སྲུང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
རྒན་གསོའི་ཞབས་ཞུའི་ལམ་ལུགས་དང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། བོད་ཀྱིས《རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག》དང་། 《ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ལག་བསྟར་ཇུས་གཞི》 《གཞི་རྩའི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་ཇུས་གཞི》སོགས་སྲིད་ཇུས་དང་ཡིག་ཆ་བཟོས་ནས་རྒན་གསོའི་སྒྲིག་གཞིའི་ནད་སྐྱོང་གི་ཞབས་ཞུའི་ཚད་གཞི་དང་། མི་སྣའི་དོ་དམ་ཚད་གཞི། འཕྲལ་སྡོམ་དོ་དམ་ཚད་གཞི། བཟའ་བཅའི་བདེ་འཇགས་ཚད་གཞི་སོགས་བོད་རང་སྐྱོང་ལྗོངས་ཀྱི་རྒན་གསོའི་སྒྲིག་གཞིའི་ས་གནས་ཀྱི་ཚད་གཞི་ཁག་18བཟོས་ཡོད།
རྒན་གསོའི་ཞབས་ཞུའི་རྣམ་པ་ཕུན་སུམ་ཚོགས་སུ་ཕྱིན་ཡོད། བོད་ཀྱིས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་དང་གཞུང་འཛུགས་དམངས་གཉེར་སོགས་ཀྱི་བྱ་ཐབས་བརྒྱུད་སྤྱི་ཚོགས་ཀྱི་སྟོབས་ཤུགས་ནང་འདྲེན་བྱས་ནས་རྒན་གསོའི་ཞབས་ཞུ་སྒྲུབ་པ་དང་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་65ཡིས་རྒན་རྒོན་ལ་འཚོ་བའི་ལྟ་རྟོག་དང་། སེམས་གསོ། རིག་གནས་རོལ་རྩེད་སོགས་ཀྱི་ཞབས་འདེགས་ཞུ་གི་ཡོད། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་80ཡིས་གཅིག་སྡུད་བསྙེན་བཀུར་བྱེད་འདོད་ཡོད་པའི་རྒན་རྒོན་ལ་གཅིག་སྡུད་བསྙེན་བཀུར་གྱི་ཞབས་འདེགས་ཞུས་ཤིང་། 2024ལོའི་ལོ་མཇུག་བར་རྒན་རྒོན་5836ལ་གཅིག་སྡུད་བསྙེན་བཀུར་བྱས་པ་དང་། གཞན་ཡང་རྒན་རྒོན་7135ལ་ཁ་ཐོར་བསྙེན་བཀུར་བྱས་ཡོད།
རྒན་འཕྲོད་ཅན་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། 《“ལོ་ལྔ་ཚན་བཅུ་བཞི་པའི”རིང་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ཁྱིམ་ཚང་ལ་རྒན་འཕྲོད་ཅན་གྱི་བསྒྱུར་བཀོད་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཀྲམ་ནས“ཁང་པའི་ནང་འགྲོ་སྐྱོད་བདེ་བ་དང་། ཆབ་གཅིན་གཏོང་བ་དང་གཟུགས་པོ་འཁྲུད་བདེ་བ། ཐབ་ཚང་བཀོལ་སྤྱོད་བདེ་བ། ཁྱིམ་སྡོད་ཁོར་ཡུག་ལེགས་པ། ལྟ་སྐྱོང་རིག་ནུས་བདེ་འཇགས་ལྡན་པ། རམ་འདེགས་ཡོ་བྱད་ཆ་ཚང་བ”བཅས་དམིགས་ཚད་གཙོ་བོར་བྱས་ནས་འབྲེལ་ཡོད་ཚད་གཞི་དང་མཐུན་ཞིང་རྨང་གཞི་བསྒྱུར་བཀོད་ཀྱི་ཆ་རྐྱེན་འཛོམས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ཁྱིམ་ཚང་ལ་རྒན་འཕྲོད་ཅན་གྱི་བསྒྱུར་བཀོད་བྱས་ཡོད། 2024ལོའི་ལོ་མཇུག་བར་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ཁྱིམ་ཚང་2315ལ་རྒན་འཕྲོད་ཅན་གྱི་བསྒྱུར་བཀོད་བྱས་ཡོད། རིག་ལྡན་རྒན་གསོའི་ཞབས་ཞུའི་ལས་སྟེགས་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་2023ལོར་བོད་ཀྱི་གྲོང་ཁྱེར་རིམ་པའི་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཛུབ་ཁྲིད་ལྟེ་གནས་ཐོག་མ་དངོས་སུ་སྤྱོད་འགོ་ཚུགས་པ་དང་། ལྟེ་གནས་དེས་རྒན་རྒོན་གྱི་ཆ་འཕྲིན་གྲངས་གཞིའི་མཛོད་འཛུགས་རྒྱུ་རྨང་གཞིར་བྱས་ཏེ་གཟུགས་པོའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་གྱི་ཛ་དྲག་རོགས་སྐྱོབ་དང་། འཚོ་བར་ལྟ་རྟོག ཁྱིམ་ལས་ཞབས་ཞུ་སོགས་གཞི་རྩའི་ཞབས་ཞུ་མཁོ་འདོན་བྱས་ནས། རྒན་གསོའི་ལས་དོན་དེ་བས་རིག་ལྡན་དང་སྟབས་བདེ་ཡོང་བར་བྱས་ཡོད། “ཚན་རྩལ་གྱིས་རྒན་རྒོན་ལ་རམ་འདེགས་བྱེད། མཛེས་སྡུག་ལྡན་པའི་འཚོ་བར་འབྲེལ་གཏུག་བྱེད”སོགས་རྒན་རྒོན་གྱིས་རིག་ནུས་ལག་རྩལ་སྤྱོད་པའི་སློབ་གསོ་གསོ་སྦྱོང་གི་བྱེད་སྒོ་སྤེལ་ནས་རྒན་རྒོན་ལ་རིག་ནུས་ལག་རྩལ་སྤྱོད་པར་རོགས་རམ་བྱས་ཏེ“གྲངས་གཞིའི་འགལ་རྐྱེན”བསལ་ནས་རྒྱུན་གཏན་གྱི་འཚོ་བར་སྟབས་བདེ་བསྐྲུན་ཡོད།
—— དབང་པོ་སྐྱོན་ཅན་གྱི་ཁེ་དབང་ལ་འགན་སྲུང་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ།
དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་ཡོད། བོད་ཀྱིས་ལོ་0ནས་ལོ་8བར་གྱི་བྱིས་པ་དབང་པོ་སྐྱོན་ཅན་བདེ་ཐང་སླར་གསོའི་རོགས་སྐྱོབ་ལམ་ལུགས་བཙུགས་ཏེ། 2019ལོ་ནས་2024ལོ་བར་ལོ་0ནས་ལོ་14བར་གྱི་བྱིས་པ་དབང་པོ་སྐྱོན་ཅན་9530ལྷག་ཙམ་ལ་གཤགས་བཅོས་དང་། བདེ་ཐང་སླར་གསོའི་སྦྱོང་བརྡར། རམ་འདེགས་ཡོ་བྱད་སྒྲིག་སྦྱོར་སོགས་ཀྱི་རོགས་སྐྱོབ་ཞབས་འདེགས་ཞུས་ཡོད། དབང་པོ་སྐྱོན་ཅན་མི་ཐེངས་ཁྲི་7.3ལ་གནད་སྨིན་གྱི་བདེ་ཐང་སླར་གསོའི་ཞབས་འདེགས་དང་དབང་པོ་སྐྱོན་ཅན་མི་ཐེངས་ཁྲི་6ལ་རམ་འདེཌ་ཡོ་བྱད་སྒྲིག་སྦྱོར་གྱི་ཞབས་འདེགས་ཞུས་པས། དབང་པོ་སྐྱོན་ཅན་གྱི་གཞི་རྩའི་བདེ་ཐང་སླར་གསོའི་ཁྱབ་ཚད་དང་རམ་འདེགས་ཡོ་བྱད་སྒྲིག་སྦྱོར་ཐུབ་ཚད་95%ཡན་ཟིན་ནས་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་ཏེ། དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་ཞབས་ཞུའི་དྲ་རྒྱ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད།
དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ཁྱོན་ཡོངས་ལ་ཁྱབ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་གཞི་རྩའི་རྒན་གསོ་འགན་བཅོལ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་ཚང་མ་100%ཟིན་པ་དང་། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་སྐྱོང་ཁ་གསབ་སྤྲོད་དགོས་རིགས་ལ་ཚང་མ་སྤྲད་ཅིང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་11བཏང་སྟེ་མི་ཐེངས་ཁྲི་50ལྷག་ཙམ་ལ་ཁ་གསབ་སྤྲད་ཡོད། ཆ་རྐྱེན་འཛོམས་པའི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ལ་སྲིད་ཇུས་རང་བཞིན་གྱི་འགན་སྲུང་ཐ་སྐྱོང་བྱས་ཏེ“འགན་སྲུང་བྱེད་དགོས་རིགས་ལ་འགན་སྲུང་དང་། རོགས་སྐྱོར་བྱེད་དགོས་རིགས་ལ་རོགས་སྐྱོར་བྱེད་པའི”རྩ་དོན་གཞིར་བཟུང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་དང་། གནས་སྐབས་རོགས་སྐྱོབ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་བཅས་ཀྱི་ཁྱབ་ཁོངས་སུ་བཅུག་ཡོད།
དབང་པོ་སྐྱོན་ཅན་གྱི་སློབ་གསོ་མྱོང་བའི་ཁེ་དབང་ལ་འགན་སྲུང་གང་ལེཌ་བྱུང་ཡོད། དབང་པོ་སྐྱོན་ཅན་གྱི་སློབ་གསོ་ཀུན་ཕན་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཉེ་བའི་ལོ་5ཡི་རིང་བྱིས་པ་དབང་པོ་སྐྱོན་ཅན་3205གྲལ་སྡོད་མཉམ་སྦྱོང་བྱ་རྒྱུ་བྱུང་བ་དང་སློབ་མ་2604ལ་སྒོ་རྩར་སློབ་ཁྲིད་བྱེད་པའི་ཞབས་འདེགས་ཞུས་ཏེ། འོས་འགན་སློབ་གསོའི་སློབ་ཞུགས་བྱེད་ཚད་97%ཡན་བརྟན་པོ་བྱུང་ཡོད། 2024ལོའི་བར་བོད་དུ་དམིགས་བསལ་སློབ་གྲྭ་7བཙུགས་པ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་1035ཡོད་པ་དང་། མི་རེར་ལོ་རེར“བཟའ་སྡོད་འགན་ལེན་དང་གཞི་རྩའི་སློབ་ཡོན་འགན་ལེན”གྱི་གྲོན་དངུལ་དང་གཞུང་གྲོན་སྒོར་6000ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ལ་སྐུལ་མ་ཐེབས་ཡོད། བསྡུར་ཚད་ལྟར་དབང་པོ་སྐྱོན་ཅན་ལས་ཞུགས་དང་། རང་བརྟེན་ལས་གཏོད། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་མ་དངུལ་བསྡུ་ལེན་དོ་དམ་བེད་སྤྱོད། ལས་རིགས་གསོ་སྦྱོང་། བསྡུར་ཚད་ལས་བརྒལ་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་བྱ་དགའ་བཀོད་སྒྲིག་སོཌ་ལ་སྐུལ་འདེད་ཀྱི་ཆེད་དོན་སྲིད་ཇུས་བཟོས་ཏེ། ཕྱོགས་ཡོངས་དང་ཐབས་ལམ་མང་པོ་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ལ་གོ་སྐབས་བཏོད་ཡོད། ལོ་5ཡི་རིང་། དབང་པོ་སྐྱོན་ཅན་མི་ཐེངས་7476ལ་ལས་ཞུཌ་ལས་གཏོད་ཀྱི་གསོ་སྦྱོང་བྱས་ཡོད། 2020ལོ་ནས་2024ལོའི་བར་མི་354དང་། མི་424 མི་521 མི་720 མི་862བཅས་གསར་དུ་ལས་ཞུགས་ཐུབ་ནས་ལོ་རེར་ཆ་སྙོམས་10%ཡན་གྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་ཡོད། ཉེ་བའི་ལོ་གསུམ་རིང་ཏང་སྲིད་ལས་ཁུངས་དང་། བྱ་གཞག་ཚན་པ། གཞུང་ཁོངས་ཁེ་ལས་བཅས་ཀྱིས་སྣེ་ཁྲིད་དེ་བསྡུར་ཚད་ལྟར་དབང་པོ་སྐྱོན་ཅན་9564ལ་ལས་ཞུཌ་བཀོད་སྒྲིག་བྱས་ཡོད། 2024ལོ་བར་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་ལས་ཞུཌ་ཐུབ་པའི་མི་གྲངས་21237ཟིན་ཡོད།
དབང་པོ་སྐྱོན་ཅན་གྱི་འགྲོ་བདེའི་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། བོད་ཀྱི་དམིགས་བསལ་ཁོར་ཡུག་ལ་གཞིགས་ཏེ་རྒྱལ་ཡོངས་ཀྱི་སྔོན་ལ་དུད་ཚང་རེར་སྒོར་ཁྲི་3.5ཡི་ཚད་གཞི་ལྟར་གྲངས་ཉུང་མི་རིགས་ཀྱི་མཐའ་མཚམས་རྫོང་དང་ཆུས་ཀྱི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ཚབས་ཆེན་ཁྱིམ་ཚང་གི་འགྲོ་བདེའི་བསྒྱུར་བཀོད་རྣམ་གྲངས་ལག་ལེན་བསྟར་བས། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ཚབས་ཆེན་ཁྱིམ་ཚང་954ལ་ཕན་པ་ཐོབ་ཡོད། བོད་ཡོངས་སུ་འགྲོ་བདེའི་ཡུལ་སྐོར་འཐབ་ཇུས་ལག་ལེན་བསྟར་ནས་ལྟ་སྐོར་བྱེད་མཁན་ཡུལ་སྐོར་བར་སྤུས་ལེགས་ཞབས་འདེགས་ཞུས་ཡོད། 2016ལོའི་ཟླ་8པར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ལོང་བའི་དཔེ་ཀློག་ཁང་ཐོག་མ་དེ་ཕྱི་ཕྱོགས་ལ་དངོས་སུ་སྒོ་ཕྱེ་ཡོད།
བརྒྱད། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ཆུ་ཚད་བརྟན་པོའི་ངང་གོང་མཐོར་སོང་བ།
ཁྲིམས་སྐྱོང་ནི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་ནུས་ལྡན་གྱི་འགན་སྲུང་ཞིག་རེད། བོད་ཀྱིས་ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དེ་ཁྲིམས་འཛུགས་དང་། ཁྲིམས་སྒྱུར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་ཁག་ནང་ཁྱབ་པར་བྱས་ཏེ། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་པས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད།
—— ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་ལས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་ལུགས་མཚོན་པ།
བོད་ཀྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོས་པ་བརྒྱུད། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁག་ལག་བསྟར་དོན་འཁྱོལ་བྱས་ཡོད། 2024ལོའི་ལོ་མཇུག་བར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་རང་བཞིན་ལྡན་པའི་གྲོས་ཆོད་དང་གཏན་འབེབས་ཁག་171སྔ་རྗེས་སུ་བཟོས་ནས་ལག་ལེན་བསྟར་བའི་ཁྲོད། ད་ལྟ་ལག་ལེན་བསྟར་བཞིན་པའི་གོ་ཆོད་པའི་གཏན་འབེབས་ཁག་136ཡོད་པ་དང་། ཁག་35མེད་པར་བཟོས་ནས་སྤྱི་དམངས་ལ་དཔལ་འབྱོར་དང་། ཆབ་སྲིད། སྤྱི་ཚོགས། རིག་གནས། ཁོར་ཡུག་བཅས་ཀྱི་ཁེ་དབང་ཁྲིམས་ལྟར་ལོངས་སུ་སྤྱོད་པར་འགན་ལེན་བྱས་ཡོད།
—— ཁྲིམས་ལྟར་སྲིད་འཛིན་བྱས་པས་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱུང་བ།
ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཁྲིམས་ལྟར་དབང་ཆ་གཏན་འབེབས་དང་། དབང་ཆ་སྤྱོད་པ། དབང་ཆར་ཚོད་འཛིན། དབང་ཆར་ལྟ་སྐུལ་བཅས་བྱས་ཏེ། སྲིད་གཞུང་གི་བྱེད་སྒོ་ཕྱོགས་ཡོངས་ནས་ཁྲིམས་སྐྱོང་གི་སྲོལ་ལམ་ནང་བཅུག་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་སྲོལ་ཡིག》དང་། 《བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་ཁྲུན་གཅོད་དབང་ཆ་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》 《བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཐབས་ཇུས་གལ་ཆེན་གྱི་གོ་རིམ་གནས་སྐབས་ལག་བསྟར་བྱེད་པའི་གཏན་འབེབས》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། སྒྲིག་སྲོལ། སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས་བཏོན་ནས་དྲང་གཞག་ལུགས་མཐུན་གྱི་ཁྲིམས་སྒྱུར་ཚད་ལྡན་དང་ནན་པོ་ཡོང་བར་སྐུལ་འདེད་དང་། སྲིད་འཛིན་དཔང་ཉན་ལམ་ལུགས་བཙུགས་ནས་དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད། སྲིད་དོན་གྱི་ཆ་འཕྲིན་ཁྲིམས་ལྟར་ཡོངས་བསྒྲགས་བྱས་ནས་དྲ་རྒྱའི་ཁྲིམས་སྒྱུར་ཚད་ལྡན་ཅན་དང་ཚད་གཞི་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་དྲ་རྒྱའི་བདེ་འཇགས་དང་། ཆ་འཕྲིན་གྱི་བདེ་འཇགས། གྲངས་གཞིའི་བདེ་འཇགས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་སོགས་ཁྱབ་ཁོངས་སུ་དྲ་རྒྱའི་ཁྲིམས་སྒྱུར་གྱི་ལྟ་འདོམས་བྱེད་རྒྱ་ཆེ་རུ་བཏང་ཡོད།
—— འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྱུར་ཁྲིམས་འཛིན་འགན་སྲུང་ལ་སྐུལ་འདེད་ནུས་ལྡན་ཐུབ་པ།
བོད་ཀྱི་རིམ་ཁག་ཁྲིམས་འཛིན་ལས་ཁུངས་ཀྱིས“མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་ནས་དྲང་གཞག་དྲང་བདེན་ཧུར་ཐག་ཚོར་བར་བྱ་རྒྱུ”དམིགས་ཚད་དུ་བྱས་ཏེ་གཏུག་བཤེར་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ཁྲིམས་བཞིན་འགན་སྲུང་བྱས་ཡོད། ཁྲིམས་འཛིན་གཏུག་བཤེར་བྱེད་སྒོའི་ཁྲོད་གཏུག་བཤེར་ནང་ཞུགས་མཁན་གྱི་དགོས་མཁོར་གཞིགས་ནས། སྐད་སྒྱུར་རམ་ཡང་ན་མི་རིགས་དེ་གའི་སྐད་ཡིག་ལམ་ནས་གྱོད་གཞི་ཞིབ་གཅོད་དང་བཅའ་ཁྲིམས་ཡིག་ཆ་བཟོས་ཏེ་གྲངས་ཉུང་མི་རིགས་སྤྱི་དམངས་ཀྱིས་མི་རིགས་དེ་གའི་སྐད་ཡིག་ལམ་ནས་གཏུག་བཤེར་ནང་ཞུགས་པའི་ཁེ་དབང་འགན་སྲུང་བྱས་ཡོད། ཁྲིམས་འཛིན་རོགས་སྐྱོབ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། 2016ལོའི་ཟླ་1ནས་2024ལོའི་ཟླ་12པའི་བར། རིམ་ཁག་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་རོགས་སྐྱོབ་གྱོད་གཞི་ཁྱོན་བསྡོམས་1416བདག་སྤྲོད་དང་གྱོད་གཞི་1397ཐག་གཅོད་བྱས་པ་མ་ཟད། ཁྲིམས་འཛིན་རོགས་སྐྱོབ་ཀྱི་དངུལ་སྒོར་ཁྲི་2869.15སྤྲད་ཡོད།
ཁྲིམས་གཞིགས་ཉེས་གཅོད་ཀྱི་རྩ་དོན་དང་དོགས་ཉེས་རྩིས་མེད་དུ་བརྩི་བའི་རྩ་དོན་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ། འདྲི་གཅོད་ལྟེ་བར་འཛིན་པའི་ཉེས་དོན་གཏུག་བཤེར་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ཡོད། ཉེས་གསོག་དོགས་ཅན་དང་ཞུ་སྦྱོར་ཕྱི་མའི་དག་འབུད་དབང་ཆ་འགན་སྲུང་གང་ལེགས་དང་། ཁྲིམས་རྩོད་པའི་གྱོད་ཡིག་ལྟ་ཀློག་དང་། ངོ་ཐུག་ར་སྤྲོད། དག་འབུད་སོགས་ཀྱི་ཁེ་དབང་ཁྲིམས་ལྟར་འགན་སྲུང་། རིམ་ཁག་ལྟ་སྲུང་ཁང་གིས་ཁྲིམས་རྩོད་པ་ཐུག་འཕྲད་ཁང་ཇུས་འགོད་དང་འཛུགས་སྐྲུན་བཅས་བྱས་ནས་ཁྲིམས་རྩོད་པ་ཐུག་འཕྲད་ཀྱི་ལས་ཕྱོད་ཆེ་རུ་བཏང་ཡོད། ས་རྒྱ་ཆེ་ཞིང་མི་འབོར་ཉུང་བའི་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཚན་རྩལ་ཆ་འཕྲིན་ལག་རྩལ་གྱི་བྱ་ཐབས་ལ་བརྟེན་ཏེ་རྒྱང་ཁྲིད་བརྙན་ལམ་ནས་ཐུག་འཕྲད་བྱ་ཡུལ་དང་རྒྱང་ཁྲིད་བརྙན་ལམ་ནས་ཐུག་འཕྲད་བྱེད་པའི་མ་ལག་བསྐྲུན་ཏེ། ཐུག་འཕྲད་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ། དང་ཐུག་འཕྲད་འགན་ལེན་ཏན་ཏིག་བཅས་བྱས་ནས་ཉེས་དོན་གཏུག་བཤེར་གྱི་བྱེད་སྒོ་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད།
བཙོན་ཁང་དང་ལྟ་སྲུང་ཁང་གིས་ཁྲིམས་ཆད་འཁུར་མཁན་དང་ལྟ་སྐུལ་དོ་དམ་བྱ་ཡུལ་མི་སྣའི་དག་སེལ་ཞུ་འབུལ་དང་། ཐེར་འདོན། ཞུ་གཏུག་སོགས་ཀྱི་ཁེ་དབང་འགན་སྲུང་གང་ལེགས་བྱས་ཏེ། ཞིབ་དཔྱོད་ལས་ཁུངས་དང་། ཁྲིམས་སྒྱུར་ལྟ་སྐུལ་བ། སྤྱི་ཚོགས་ཀྱི་སྟོབས་ཤུགས་བཅས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་ཞུས་ཡོད། མི་དམངས་ཞིབ་དཔྱོད་ཁང་གིས་མངགས་གཏོང་བཅའ་སྡོད་ཀྱི་ཞིབ་དཔྱོད་ཕུད་པའི་སྐོར་སྐྱོད་ཞིབ་དཔྱོད་ལམ་ལུགས་བཙུགས་ནས་བོད་ཀྱི་བཙོན་ཁང་དང་ལྟ་སྲུང་ཁང་ལ་སྐོར་སྐྱོད་ཞིབ་དཔྱོད་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། ཁྲིམས་ཆད་འཁུར་མཁན་གྱི་ནང་མིའི་འཐུས་མི་སོགས་ཀྱི་མི་སྣ་ཁྲིམས་སྒྱུར་ལྟ་སྐུལ་བའི་འགན་འཁུར་རྒྱུར་གདན་དྲངས་ཡོད།
—— འགྲོ་བ་མིའི་ཐོབ་ཐང་གི་སློབ་གསོ་གསོ་སྦྱོང་དང་ཤེས་བྱ་རྒྱ་ཁྱབ་ངང་ཁྱབ་གདལ་བཏང་བ།
རྩ་ཁྲིམས་ལྟེ་བར་འཛིན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་གི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་སྲོལ་ཡིག》དང《ལྗོངས་ཡོངས་སུ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ལོ་ལྔ་ཚན་བརྒྱད་པའི་འཆར་གཞི(2021ལོ་ནས་2025ལོ་བར)》 《རྒྱལ་ཁབ་ལས་ཁུངས་ཀྱི“སུས་ཁྲིམས་སྒྱུར་བྱས་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར》སོགས་ཀྱི་ཡིག་ཆ་བཏོན་ནས་ཁྲིམས་ལུགས་ཁྱབ་གདལ་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཤེས་བྱ་ཁྱབ་གདལ་བཏང་ཡོད། གཞུང་ལས་པའི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་སྐྱོང་གི་ཤེས་བྱ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། “ལོ་ལྔ་ཚན་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་གྱི་ལས་དོན་སྤེལ་ཚུན། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་དམིགས་ནས་འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྦྱོང་ཁྲིམས་སྤྱོད་ཚད་ལྡན་དུ་གཏོང་བ་དང་། “ཁྲིམས་སྦྱོང་དར་སྲོལ་ཆེན་པོའི”དྲ་ཐོག་ཁྲིམས་སྦྱོང་ལས་སྟེགས་སྤྱད་དེ་བརྗོད་དོན་གཙོ་བོའི་ཡིག་རྒྱུགས་སྣ་ཚོགས་ཐེངས་30ལྷག་ཙམ་བཏང་བས་ཡིག་རྒྱུགས་ནང་ཞུགས་མཁན་མི་ཐེངས་ཁྲི་160ལྷག་ཙམ་ཟིན་ཡོད། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་ཁྲིམས་སྐྱོང་སློབ་གསོའི་སློབ་ཚན་ཡག་པོ་ཁྲིད་ནས་ཁྲིམས་སྐྱོང་སློབ་གསོའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་ཤེས་བྱ་མཉམ་འདྲེས་བྱས་ཏེ། གཞོན་ནུ་ལོ་ཆུང་གིས་ཁྲིམས་སྐྱོང་སློབ་གསོ་དང་ལེན་བྱེད་ཚད་100%ཟིན་པར་བྱས་ཡོད། གྲོང་གསེབ་ཀྱི“ཁྲིམས་ཤེས་མཁན”གསོ་སྐྱོང་འདུ་འགོད་ལག་ལེན་བསྟར་ནས་2024ལོ་བར“ཁྲིམས་ཤེས་མཁན”ཁྲི་2.21བདམས་པ་དང་། “ཞིང་འབྲོག་ཁུལ་གྱི་ཁྲིམས་སྦྱོང་ཁྲིམས་སྤྱོད་དཔེ་སྟོན་དུད་ཚང”5863སྐྱེད་སྲིང་། “རྒྱལ་ཡོངས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་དཔེ་སྟོན་གྲོང་ཚོ(སྡེ་ཁུལ)”71འཛུགས་གཏོད་བཅས་བྱས་ཡོད། གྲོང་ཚོའི(སྡེ་ཁུལ)བཅའ་ཁྲིམས་བློ་འདྲིའི་དཔུང་ཁག་རྒྱ་ཆེར་བཏང་ནས་གྲོང་ཚོའི(སྡེ་ཁུལ)བཅའ་ཁྲིམས་བློ་འདྲི་ཕྱོགས་ཡོངས་ལ་ཁྱབ་ཡོད། རྩ་ཁྲིམས་དང་དམངས་དོན་ཁྲིམས་གཞུང་ཁྱབ་གདལ་དང་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་གི་མི་དམངས་ཀྱིས་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་པའི་འདུ་ཤེས་གསར་པ་ཞིག་ཆགས་པར་བྱས་པས་སྤྱི་ཚོགས་ཡོངས་སུ་ཁྲིམས་སྐྱོང་གི་ཁོར་ཡུག་དང་ཁྲིམས་སྐྱོང་གི་གོམས་གཤིས་བཟང་པོ་ཞིག་འཇགས་ཡོད།
མཇུག་བསྡུའི་གཏམ།
འགྲོ་བ་མིའི་ཐོབ་ཐང་ནི་ཐ་སྙད་རླབས་ཆེན་ཞིག་ཡིན་ལ། རང་ཉིད་ཀྱི་མྱོང་བ་དངོས་དང་ཐོབ་སྣང་དངོས་ཤིག་དེ་བས་ཀྱང་རེད། མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན་པ་དང་། བོད་ཀྱི་མི་དམངས་ཀྱི་འཚོ་བར་བདེ་སྐྱིད་ལྡན་མིན་ནི་ཁོང་ཚོའི་ངོ་གདོང་ལས་གསལ་པོར་མཐོང་ཐུབ། ད་ཆ་བོད་དུ་མི་རིགས་ཁག་གི་མི་དམངས་ཀྱི་ངོ་གདོང་ལས་བདེ་སྐྱིད་ལྡན་པའི་འཛུམ་མདངས་འཕྱུར་བ་ནི་ས་མཐོར་རབ་ཏུ་བཞད་པའི་སྐལ་བཟང་མེ་ཏོག་བཞིན་བོད་མི་དམངས་ལ་རྒྱ་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་གང་ལེགས་མངོན་ཡོད།
ལོ་མང་རིང་། ཀྲུང་གོར་ངོ་རྒོལ་བྱེད་མཁན་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱིས་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ནས། གཞི་རྩའི་དོན་དངོས་ལ་མ་བལྟོས་པར་གང་སར་དཀྲོག་གཏམ་བཤད་དེ“བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད”ཅེས་འུད་སྒྲོག་གང་ཐུབ་བྱེད་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ལ་ཁ་གཡར་ནས་ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་སྤེལ་བ་ཞིག་རེད། བརྒྱ་བཤད་སྟོང་བཤད་བྱས་ཀྱང་། རྫུན་གཏམ་ནི་རྫུན་གཏམ་རང་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ལ་ཐོབ་པའི་གྲུབ་འབྲས་ནི་རྫུན་གཏམ་དབང་གིས་འགེབས་སྒྲིབ་དང་མེད་པར་བཟོ་མི་ཐུབ་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དུས་རབས་གསར་པའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པའི་གོམ་སྟབས་དེ་རྫུན་གཏམ་དབང་གིས་སོམ་ཉི་སྐྱེ་མི་སྲིད་ལ་མཚམས་འཇོག་ཀྱང་བྱེད་མི་སྲིད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་གང་ལེགས་སྤྱོད་རྒྱུ་ཡོང་བ་འགན་སྲུང་བྱེད་པའི་གདེང་ཚོད་དང་བྱེད་ཐབས་དེ་ཕྱོགས་གཏོགས་གང་རུང་ཞིག་གིས་ཀྱང་བཀག་འགོག་དང་མཚམས་འཇོག་བྱེད་མི་ཐུབ།
དབྱར་དགུན་སྟོན་དཔྱིད་ལོ་ངོ་བཅུ་གྲངས་འདས། དཔའ་ངར་ཆེར་སྐྱེད་མདུན་སྐྱོད་དུས་ལ་བབ། དུས་རབས་གསར་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་བརྒྱུད་གངས་ལྗོངས་ས་མཐོར་བརྩམས་པའི་བརྗིད་ཆེའི་ལེའུ་ཞིག་ཡིན་ཞིང་། དེར་འགན་ལེན་ཤུགས་ཚད་སྔར་བྱུང་མྱོང་མེད་ལ་གྲུབ་འབྲས་ཀྱང་སྔར་བྱུང་མྱོང་མེད་པ་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དང་མུ་མཐུད་བསྟུན་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གངས་ལྗོངས་ས་མཐོའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གི་ལེའུ་གསར་པ་མུ་མཐུད་རྩོམ་ངེས་རེད།