ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ས་མཐོའི་དཔྱིད་ཀྱི་མཛེས་པར་རྫོགས་མཐའ་མེད།

སྤེལ་དུས 2025-03-31 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་ནས་ལོ66འཁོར་བར་དྲན་གསོ་ཞུ་བའི་སྐོར་གྱི་སྒྲིལ་གླེང་།
      ས་གཞི་ཆེན་མོར་དཔྱིད་ཀྱི་དཔལ་ཡོན་བཞད་ནས་སྔོ་ལྗང་ལོ་འདབས་གཅིག་རྗེས་གཉིས་མཐུད་དུ་དོན་པ་དང་། གངས་ལྗོངས་ཀྱི་ས་མཐོའི་གང་སར་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས།
      1959ལོའི་ཟླ3པའི་ཚེས28ཉིན། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ལྗོངས་སུ་རུལ་སུངས་རྗེས་ལུས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་ཐལ་བའི་རྡུལ་དུ་བརླགས་ནས།  ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ། དུས་དེ་ནས་བཟུང་བོད་ལྗོངས་འདི་ཉིད་མུན་ནག་ནས་འོད་གསལ་དུ་བསྐྱོད་པ་དང་། རྗེས་ལུས་ནས་ཡར་ཐོན་དུ་བསྐྱོད་པ། བཀག་སྡོམ་ནས་སྒོ་འབྱེད་དུ་བསྐྱོད་པའི་ལེའུ་གསར་པ་ཞིག་ཕྱེ། དེའི་རྗེས་ཀྱི་ལོ་རེའི་ཟླ3པའི་ཚེས28ཉིན་ལ། བོད་ལྗོངས་ཀྱི་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་བཏང་བར་དྲན་གསོ་ཞུ་གི་ཡོད།
    ལོ་ངོ66རིང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་དབུལ་ཕོངས་རྗེས་ལུས་ཀྱི་བོད་ལྗོངས་རྙིང་པ་དེ་དཔལ་འབྱོར་དར་རྒྱས་དང་། སྤྱི་ཚོགས་ཡར་ཐོན། སྐྱེ་ཁམས་བཟང་བ། མི་དམངས་བདེ་སྐྱིད་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པར་བསྐྲུན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ལྗོངས་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་ཐོབ་མང་ཤོས་བཅས་ཀྱི་དུས་སྐབས་སུ་སླེབས་ནས་མི་རིགས་ཁག་གི་མི་དམངས་ཀྱིས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་བཞིན་ཡོད།
གནམ་ས་བླ་འོག་ཏུ་འགྱུར་བའི་འཇིག་རྟེན་གསར་པ། 
      བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བའི་དྲན་གསོ་ཁང་གི་ཁག་གཉིས་པར་བསྐྱོད་སྐབས། ལོ་རྒྱུས་ཀྱི་པར་རིས་རེ་རེ་དང་དངོས་རྫས་རེ་རེ་ཡིས་འཛམ་གླིང་གི་སྐྱེ་བོ་རྣམས་ལ་ཕྱིར་དྲན་མི་ནུས་པའི་ལོ་ཟླ་དེ་ཞུ་གཏུག་བྱེད་པ་དང་འདྲ་སྟེ། འབྲོག་པ་སྟོད་ཐུང་གི་རྐང་པ་གཅིག་ཚོ་པའི་འགོ་པས་བཅད་པ་དང་། བྲན་གཡོག་རྡོ་བྲག་པས་མངའ་བདག་གི་བུས་མེ་མདའ་བརྒྱབ་ནས་བཅད་པའི་ལག་པ་སྐམ་པོ་དེ་འཁྱེར་ནས་གང་སར་སློང་མོ་བྱེད་པ། ཞིང་བྲན་བདག་པོས་ཞིང་བྲན་ཆུང་སྐྱིད་ཀྱི་མིག་གཉིས་ལོང་བ་བཟོས་པ་སོགས་ཀྱི་གནས་ཚུལ་ནི་ལོ་ངོ་བཅུ་ཕྲག་ཁ་ཤས་གོང་གི་བོད་ལྗོངས་རྙིང་པའི་རྣམ་པ་ཞིག་རེད། སྐབས་དེ་དུས་ནི་མིག་བཏོན་པ་དང་། རྣ་བ་བཀོག་པ། ལག་པ་བཅད་པ། རྐང་པ་གཅོག་པ། པགས་པ་བཤུ་བ་སོགས་གདུག་རྩུབ་ཀྱི་ཉེས་ཁྲིམས་ཀྱིས་ཁེངས་པའི་མི་ཡུལ་གྱི་དམྱལ་བ་ཞིག་རེད།
      མི་ཡུལ་གྱི་སྐྱོ་གར་དེ་དག་ནི། དཔོན་རིགས་དང་། སྐུ་དྲག དགོན་པའི་མཐོ་རིམ་དགེ་འདུན་པ་བཅས་མངའ་དཔོན་ཆེན་པོ་གསུམ་གྱིས་བཙུགས་པའི“ཆོས་སྲིད་ཟུང་འབྲེལ་”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལས་བྱུང་བ་ཡིན། བོད་ལྗོངས་ཀྱི་མི་འབོར་གྱི5%ཟིན་མེད་པའི་མངའ་དཔོན་ཆེན་པོ་གསུམ་གྱིས་ཧ་ལམ་ས་ཞིང་ཡོངས་རྫོགས་དང་ཕྱུགས་རིགས་དང་ཐོན་སྐྱེད་ཡོ་བྱད་མང་ཆེ་བ་བཟུང་ཡོད་མོད། འོན་ཀྱང་མི་འབོར་གྱི95%ཡན་ཟིན་པའི་ཞིང་བྲན་དང་བྲན་གཡོག་རྣམས་ཧ་ཅང་དབུལ་ཕོངས་ཀྱི་ཁྲོད་དུ་གནས་ཡོད།
      ལོ་རྒྱུས་ཀྱི་སྡུག་བསྔལ་དེ་རིགས་མྱོང་མཁན་གྱི་སེམས་ལ་བརྟན་པོར་ངེས་ཡོད། ད་ལོ་ལོ་ན92ལ་སླེབས་པའི་གཡུ་སྒྲོན་ནི་སྐྱེས་མ་ཐག་ནས་ཞིང་བྲན་ཡིན་པས། འདས་ཟིན་པའི་འཚོ་བའི་སྐོར་གླེང་ཐེངས་རེར་མིག་ཆུ་དབང་མེད་དུ་བཞུར་གྱི་ཡོད། “སྐབས་དེར་འདུག་སའི་ཁང་པ་སྡུག་པ་དང་། དགོང་མོ་གཉིད་སྐབས་རྟག་ཏུ་ཁང་པ་འགྱེལ་བར་སེམས་ཁྲལ་བྱེད་དགོས་ལ། ཕྲུ་གུ་གཉིས་གསུམ་ཉལ་གོས་གཅིག་གི་ནང་དུ་བཙིར་ནས་ཉལ་དགོས་ཀྱི་ཡོད”ཅེས་བཤད་པ་དང་། ད་དུང་ཁོང་གི་ཕ་མ་གཉིས་སྨན་བཅོས་བྱེད་པའི་དངུལ་མེད་པའི་དབང་གིས་སྔ་མོ་ནས་ཚེ་ལས་འདས་པས་ཞིང་བྲན་ལ་བཅིངས་འགྲོལ་རྗེས་ཀྱི་འཚོ་བ་བཟང་པོ་འདི་འདྲ་སྐྱེལ་ཐུབ་མེད་ཅེས་བཤད།
      ཁྲོམ་གཞུང་གང་སར་གྱོན་ཆས་ཀྱང་ཡག་པོ་གྱོན་རྒྱུ་མེད་པའི་སློང་མོ་བ་ཡིན་པ་དང་། བཀྲེས་ལྟོགས་ཀྱིས་མནར་བའི་བྱིས་པས་ཁྱིས་དང་ཟས་འཕྲོག་རེས་བྱེད་བཞིན་མཆིས། ཕྲུ་གུ་སྐམ་པོ་དེས་ནུས་ཤུགས་ཡོད་རྒུས་མངའ་བདག་གི་དངོས་རྫས་དབོར་བ་སོགས་དེ་དང་འདྲ་བའི་སྣང་ཚུལ་ནི་སྔོན་ཆད་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ཡི་འཚོ་བའི་སྣང་ཚུལ་དངོས་དེ་ཡིན་པ་རེད།
     1959ལོའི་ཟླ3པའི་ཚེས28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལྗོངས་ཀྱི་ས་གནས་སྲིད་གཞུང་མེད་པ་བཟོས་བ་དང་། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་ནས་བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་ལག་བསྟར་བྱ་རྒྱུའི་བཀའ་རྒྱ་ཁྱབ་བསྒྲགས་བྱས།
      དུས་དེ་ནས་བཟུང་། བོད་ལྗོངས་ཀྱི་ལོ་རྒྱུས་ཤོག་ངོས་གསར་པ་ཞིག་ཕྱེ་ཡོད།

བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྲིན་པོ་རི་གནས་སྤོ་བཀོད་སྒྲིག་གི་ཡུལ་དངོས།
      དེ་སྔའི་ཞིང་བྲན་དང་དེའི་རྗེས་རབས་པ་རྣམས་ཡར་ལངས་བཅིངས་འགྲོལ་ཐོབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་བདག་པོར་གྱུར། ལོ་ངོ66རིང་ལ། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་འོག གངས་ལྗོངས་ས་མཐོར་མི་ཡུལ་གྱི་ངོ་མཚར་གཅིག་རྗེས་གཉིས་མཐུད་ངང་བྱུང་བ་དང་། བྱ་གཞག་ཁག་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་སྟེ།
      2024ལོར་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར2764.94ཟིན་ནས་དུས་མཚུངས་ལས6.3%འཕར་ཡོད། 1959ལོར་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1.74ལས་ཟིན་མེད།
      2024ལོར་བོད་ལྗོངས་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར31358ཡིན་པ་དེ་དུས་མཚུངས་ལས8.2%འཕར་ཡོད། དམངས་གཙོའི་བཅོས་སྒྱུར་མ་བྱས་སྔོན་དུ། རྒྱ་ཆེའི་ཞིང་བྲན་གྱིས་ཐོན་སྐྱེད་རྒྱུ་ཆ་ཉུང་ཤས་ཤིག་ལས་ཟིན་མེད་པས། གསོན་པའི་ཆེད་དུ་བུ་ལོན་གཡར་ནས་འཚོ་བ་མི་སྐྱེལ་ཀ་མེད་བྱུང་བས། བུ་ལོན་ཆད་པའི་ཞིང་བྲན་གྱིས་ཞིང་བྲན་བསྡོམས་འབོར་གྱི90%ཡན་ཟིན་ཡོད།
      མིག་སྔར། བོད་ལྗོངས་སུ་རིམ་པ་བཞི་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྱོན་བསྡོམས42153ཡོད་པའི་ནང་དུ་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས89.2%ཟིན་ཡོད། བོད་ལྗོངས་རྙིང་པའི་རྒྱ་ཆེའི་ཞིང་བྲན་དག་ནི་སྤྱི་ཚོགས་ཀྱི་དམའ་རིམ་དུ་གནས་པས། མི་ལུས་ཀྱི་ཁེ་དབང་གང་ཡང་མེད་ལ། འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་དེ་བས་ཀྱང་མེད་པས། མངའ་བདག་གྲལ་རིམ་གྱིས་སྒེར་གྱི་རྒྱུ་ནོར་དུ་བརྩིས་ནས་གང་འདོད་དུ་རྒྱན་བཙུགས་པ་དང་། ཉོ་ཚོང་། ནང་བཤུག་གཏོང་བ། བུ་ལོན་འཇལ་བ། བརྗེ་རེས་བཅས་བྱེད་ཀྱི་ཡོད།
      ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཁྲེན་ལི་ཅན་གྱིས་དམངས་གཙོའི་བཅོས་སྒྱུར་ནི་བོད་ལྗོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡར་ཐོན་ཡོང་བའི་ལོ་རྒྱུས་ཐོག་དུས་རབས་བརྒལ་བའི་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་ཞིག་ཡིན་པས། ཡར་ལངས་ཞིང་བྲན་ལ་སྤྱི་དམངས་ཀྱིས་ལོངས་སུ་སྤྱོད་པའི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་ཡོད་ཚད་ཐོབ་པ་དང་། དུས་དེ་ནས་བཟུང་གངས་ལྗོངས་ས་མཐོ་འདི་སྤྱི་ཚོགས་ཡར་རྒྱས་དང་། དཔལ་འབྱོར་དར་རྒྱས། དམངས་འཚོ་ལེགས་སུ་ཕྱིན་པ། མི་རིགས་མཐུན་སྒྲིལ་བཅས་ཀྱི་འཕེལ་རྒྱས་འགྲོ་ལམ་དུ་བསྐྱོད་ཡོད།
བདེ་སྡོད་ལས་བརྩོན་གྱི་འཚོ་བ་གསར་པ།
      ལོ་ན72ལ་སླེབས་པའི་ཆོས་བསྟན། ཡུན་རིང་རྒྱུན་མཐུད་རང་བཞིན་གྱི་སྙིང་ཁ་མི་བདེ་བའི་ནད་ཡོད་པས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་གཤགས་བཅོས་དེ་རིགས་བྱེད་ཆོག་པ་ཤེས་རྗེས་སྨན་བཅོས་བྱེད་པར་འགྲོ་གི་ཡོད། གཤགས་བཅོས་མ་བྱས་གོང་དཔྱད་དཔོག་བྱས་རྗེས། རྒྱལ་སའི་གསོ་རིག་སློབ་ཆེན་ཁོངས་གཏོགས་པེ་ཅིང་ཨན་ཀྲེན་སྨན་ཁང་ནས་ཡོང་བའི་བོད་སྐྱོར་སྨན་པ་ཀུའོ་ལི་ཀྲུའུ་ཡིས་རྒྱལ་སྤྱིའི་ལག་རྩལ་གསར་པ་སྤྱད་དེ་གཤགས་བཅོས་དུས་ཚོད་ཐུང་དུ་བཏང་སྟེ། ནད་པ་དུས་ཡུན་ཐུང་ངུའི་ནང་མལ་ཁྲི་ནས་འབབ་ཐུབ་པ་བྱུང་།
     ཆོས་བསྟན་གྱིས“ད་ལྟ་ཆ་རྐྱེན་ཇེ་བཟང་དུ་འགྲོ་བཞིན་ཡོད། གཤགས་བཅོས་འགྲོ་གྲོན་ནི་སྨན་བཅོས་འགན་བཅོལ་གྱིས90%ལྷག་ཙམ་རྩིས་ཞུ་བྱས་ཡོད། དེ་ནི་སྤྱི་ཚོགས་རྙིང་པའི་ནང་བསམ་ཡུལ་ལས་འདས་པ་ཞིག་རེད”ཅེས་བཤད།
      མང་ཚོགས་ལ་སྨན་བཅོས་ཐུབ་པ་ནི་བོད་ལྗོངས་ཀྱི་ལོ་ངོ60ལྷག་ཙམ་གྱི་འགྱུར་ལྡོག་ཆེན་པོའི་བསྡུས་རིས་ཤིག་རེད། ཁག་དགུ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་དཔོན་དང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་འགོ་འཛིན་ཝུའུ་ཏུང་གིས་བོད་ལྗོངས་རྙིང་པར་ནད་ཕོག་མང་བ་དང་སྨན་པ་དང་སྨན་དཀོན་པོ་ཡོད། ད་ལྟ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱས་པ་བརྒྱུད“ནད་ཚབས་ཆེ་བའི”ནད་རིགས400ལྷག་ཙམ་བོད་ལྗོངས་སུ་མི་ཐོན་པའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་། ཐུམ་འབུའི་ནད་དང་རུས་ཚིགས་ནད་སོགས་ས་གནས་ཀྱི་ནད་རིགས་ཚོད་འཛིན་ནུས་ལྡན་ཐུབ་ཡོད་ཅེས་བཤད།
     2015ལོའི་ཟླ8པར་སྨན་བཅོས་ཤེས་ལྡན་མི་སྣས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དངོས་སུ་ལག་བསྟར་བྱས། ལམ་སྲོལ་འདི“སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་པ”དང་།  ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”འདེམས་བསྐོ་བྱེད་སྟངས་བརྒྱུད་ཚོགས་པའི་ལེགས་ཆ་ཆགས་པ་དང་སྤྱི་ཡོངས་ཀྱི་ཕན་ནུས་འདོན་སྤེལ་བྱས་ཏེ།  ས་མཐོར་ཆུ་ཚད་མཐོ་བའི་སྨན་བཅོས་དཔུང་ཁག་ཅིག་བསྐྲུན་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་སྒོ་འགྲམ་དུ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།

2022ལོར་ཨན་ཧུའེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་ལེགས་པོ་རོང་དུ་འབྲི་ཤིང་ཇ་ནང་འདྲེན་བྱས་ནས།  མུའུ30ལ་ཚོད་ལྟ་རང་བཞིན་གྱིས་འདེབས་འཛུགས་བྱས། དེ་ནི་ས་གནས་དེ་གའི་གྲོང་མིས་འབྲི་ཤིང་ཇ་འཐུ་བཞིན་ཡོད།
     གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་དེ་སློབ་གསོའི་ཁྱབ་ཁོངས་སུ་ཡང་མངོན་གསལ་དོད་པོ་ཡོད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བོད་ལྗོངས་སུ་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་པ་དང་། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད2%ཡང་མི་འདང་བ་དང་། ཡིག་རྨོངས་ཚད95%ཡན་ཟིན་ཡོད། རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་གི་སློབ་གསོ་ཐོབ་པའི་དབང་ཆ་བཙན་འཕྲོག་བྱས་ཡོད།
      ལྷོ་ཁ་གྲོང་ཁྱེར་ཁེ་གསུམ་སྡེ་ཁུལ་ནས་ཡོང་བའི་པད་མ་དབང་ཆེན་ནི་སློབ་ཆེན་མཐར་ཕྱིན་རྗེས་དགེ་རྒན་ཞིག་ཏུ་གྱུར། “སྤོ་བོ་ཡིས་རྒྱུན་པར་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ལ། ཁོང་གིས་ཉིན་ལྟར་ཞིང་བྲན་བདག་པོའི་ཆེད་དུ་ཆུ་ཚོད་བཅུ་ལྷག་ཙམ་ཕྱུགས་འཚོ་གི་ཡོད་མོད། འོན་ཀྱང་རྩམ་པ་རྒྱ་མ་ཕྱེད་ཀ་ཙམ་ལས་ཐོབ་ཀྱི་མེད་པས། ལྟོས་གྲོད་པ་གཏན་ནས་རྒྱག་གི་མེད་ཅེས་གསུངས་མྱོང་ཡོད། ང་སློབ་གྲྭར་འགྲོ་དུས་ཟ་མ་དང་། སྡོད་གནས། གཞི་རྩའི་སློབ་སྦྱོང་གི་གྲོན་དངུལ་བཅས་འགན་ལེན་བྱེད་པའི་སྲིད་ཇུས་ཡོད་པས་དེ་ནི་སྤོ་བོ་ལགས་ཚོའི་ལོ་རབས་སུ་བསམ་ཡུལ་ལས་འདས་པ་ཞིག་རེད”ཅེས་བཤད།

བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་འཇོ་མདའ་རྫོང་ཉང་ཕུ་ཞང་ལྟེ་བའི་སློབ་ཆུང་གི་སློབ་མས་ཟ་ཁང་དུ་ཟ་མ་ཟ་བཞིན་པ།
      དུས་རབས་གསར་པའི་བོད་ལྗོངས་ཀྱི་གཞོན་ནུ་རྣམས་ལས་རིགས་ཁག་གི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད། 2012ལོ་ནས་བཟུང་བོད་ལྗོངས་ཀྱིས་སློབ་གསོའི་ཐད་བཏང་བའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར3000ལྷག་ཙམ་ཟིན་ཡོད། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་གཞི་གྲངས་ལས་མངོན་པར། 2020ལོར་བོད་ལྗོངས་ཀྱི་མི་ཁྲི10རེའི་ནང་སློབ་ཆེན་གྱི་རིག་གནས་ཆུ་ཚད་ཡོད་པའི་མི11019ཟིན་པ་དང་། གསར་དུ་འཕར་བའི་ངལ་རྩོལ་ནུས་ཤུགས་ཀྱི་མི་རེའི་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་ལོ13.1བར་མཐོ་རུ་ཕྱིན་ཡོད།
     2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལ་རྟོག་ཞིབ་བྱེད་སྐབས་སུ་ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། རྒན་གསོ། བྱིས་པ་བཅོལ་གསོ།  སྡོད་ཁང་སོགས་དམངས་འཚོའི་དོན་དག་ཡག་པོ་བསྒྲུབས་ནས་རེ་རེ་བཞིན་དོན་འཁྱོལ་དམ་འཛིན་བྱས་ཏེ།       མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་ལས་ལེགས་པོ་དང་། བདེ་སྐྱིད་ཀྱི་ཚོར་བ་སྔར་ལས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཀྱི་འགན་སྲུང་སྔར་ལས་ཆེ་བ་བཅས་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་།
     ད་ཆའི་བོད་ལྗོངས་ལ་ངལ་རྩོལ་ལ་ཐོབ་ཆ་ཡོད། 2024ལོར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར55444ཟིན་ནས6.8%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས2.2མཐོ་བ་དང་།གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21578ཟིན་ནས8.3%འཕར་བ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས1.7མཐོ།
     ད་ཆའི་བོད་ལྗོངས་སུ་སྡོད་གནས་ཡོད། སྡོད་ཁང་འགན་སྲུང་མ་ལག་མུ་མཐུད་འཐུས་ཚང་དུ་བཏང་ནས་སྡོད་ཁང་འགན་སྲུང་ཁྱབ་ཁོངས་རིམ་བཞིན་རྒྱ་ཆེར་བཏང་ཡོད། 2024ལོར་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ཆ་ཚང་ཁྲི3.95གསར་སྐྲུན་དང་མུ་མཐུད་བསྐྲུན་རྒྱུ་དང་། གཞིས་ཁུལ་རྙིང་པ118བསྒྱུར་བཀོད་བྱེད་འགོ་ཚུགས་རྒྱུ། བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར37.75བཏང་ནས་དྲོད་འདོན་ཁྱོན་སྨི་གྲུ་བཞི་མ་ཁྲི622.41གསར་སྐྲུན་དང་བསྒྱུར་བཀོད་བྱས་ནས།  ཚང་མ་བསྐྲུན་རྗེས་མང་ཚོགས་ཁྲི20ཙམ་ལ་ཕན་ཐོགས་རྒྱུ་རེད།
      ད་ཆའི་བོད་ལྗོངས་སུ་རྒན་དུས་འཚོ་རྟེན་ཡོད། གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་རྒན་གསོ་འགན་བཅོལ་ལམ་ལུགས་དང་། གཞི་རྩའི་སྨན་བཅོས་ལམ་ལུགས། ཆེས་དམའ་བའི་འཚོ་བའི་འགན་སྲུང་ལམ་ལུགས་སོགས་མཚོན་རྟགས་སུ་བྱས་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཆགས་པ་དང་། གཅིག་བསྡུས་རོགས་སྐྱོར་བྱེད་འདོད་ཡོད་པའི་དམིགས་བསལ་དབུལ་ཕོངས་མི་སྣར་གཅིག་བསྡུས་རོགས་སྐྱོར་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། 2025ལོར་སྒོར་ཁྲི7000བཀོད་སྒྲིག་བྱས་ནས་རོགས་གསབ་ཚད་གཞི་ཇེ་མཐོར་བཏང་ནས་དཔལ་འབྱོར་དཀའ་ངལ་ཡོད་པའི་ལོ་ན་མཐོ་བའི་ནུས་ཤོར་སོགས་རྒན་རྒོན་ཁྲི1ལྷག་ཙམ་དང་དེ་བཞིན་ལོ80ཡན་གྱི་ལོ་ན་མཐོ་བའི་རྒན་རྒོན་ཁྲི3.5ལྷག་ཙམ་ལ་ཕན།
      ད་ཆའི་བོད་ལྗོངས་སུ་སློབ་སྦྱོང་བྱེད་པར་སློབ་ཁྲིད་བྱེད་མཁན་ཡོད། འོས་འགན་སློབ་གསོའི་སློབ་གྲྭ་ཁྱོན་བསྡོམས931ཡོད་པ་དང་། བལྗོངས་ནང་ཁུལ་གྱི་སློབ་གྲྭར་སློབ་མ་ཁྲི54.11དང་།       དགེ་རྒན་དང་ལས་བཟོ་བ་ཁྲི5.3ཡོད་པས། ལོ་དགུ་རིང་གི་འོས་འགན་སློབ་གསོའི་སྲ་བརྟན་ཚད97.86%ཟིན་ཡོད།
      2025ལོའི་བོད་ལྗོངས་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་ནི་ལས་དོན་ཡོད་ཚད་ཀྱི་འགོ་ཚུགས་ས་དང་དམིགས་ཡུལ་དུ་བརྩིས་ནས་མ་དངུལ་སྒོར་དུང་ཕྱུར148བཀོད་སྒྲིག་བྱས་ནས་ལས་ཞུགས་དང་། གཞི་རིམ་གྱི་དྲོད་འདོན་དང་། སློབ་གསོ། སྨན་བཅོས་སོགས་དམངས་འཚོ་དོན་དག་དངོས་ཁག28ལག་བསྟར་བྱ་རྒྱུ་ཡིན་ཞེས་བཏོན་ཡོད།
འཛམ་གླིང་གི་རྣམ་པ་གསར་པར་སྟོད་པ།
     སི་ཕེན་གྱི་ཨ་རག་དམར་པོ་དང་། ཨོ་སི་ཁྲུ་ལི་ཡའི་འོ་མ། ཨུ་རུ་སུའི་ཏན་ཞིམ། ཐེ་ལན་གྱི་བེ་ཏའི་ཆུ། ཧྥ་རན་སིའི་དྲི་ཞིམ་ཆུ་……ལྷ་སར་གནས་པའི“བོད་ལྗོངས་ལ་དགའ་བ”རྒྱལ་མཚམས་བརྒལ་བའི་ཚོང་ཟོག་ཉོ་ཚོང་ལྟེ་གནས་སུ་ནང་འདྲེན་ཚོང་ཟོག་སྣ་ཚོགས་གང་སར་ཁྱབ་ཡོད། “སྔོན་ཆད་དྲ་ཐོག་ནས་ནང་འདྲེན་ཚོང་ཟོག་ཉོས་ན་ཡུན་རིང་སྒུག་དགོས་ཀྱང་ད་ལྟ་ཆུ་ཚོད་ཕྱེད་ཀ་མ་འགོར་བར་ཉོ་ཐུབ་ལ་རིན་གོང་ཡང་འཚམས་པོ་ཡོད”ཅེས་གྲོང་མི་པ་སངས་སྒྲོལ་མས་བཤད།
    2024ལོའི་ཟླ11པར་བོད་ལྗོངས་ཀྱི་རྒྱལ་མཚམས་བརྒལ་བའི་ཚོང་ཟོག་ཉོ་ཚོང་ལྟེ་གནས་ཐོག་མ་ནི་ལྷ་སར་དངོས་སུ་ཚོང་གཉེར་བྱས་པ་དང་།  དེའི་ནང་དུ་ཡོ་རོབ་དང་ཨ་རི་དང་། འཇར་པན། ཧན་གོ ཨེ་ཤེ་ཡ་ཤར་ལྷོ་སོགས་ནས་ཡོང་བའི་ཚོང་ཟོག་རིགས་སྟོང་ཕྲག་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་ནང་འདྲེན་ཚོང་ཟོག་བསྡུ་འགྲེམས་ལྟེ་གནས་ཆེ་ཤོས་འདིས་འབྱུང་འགྱུར་བོད་ལྗོངས་ཀྱི་འགག་སྒོ་ཁག་ནས་ནེ་པ་ལ་དང་། རྒྱ་གར། དབྱི་རན་སོགས་རྒྱལ་ཁབ་ཀྱི་ཚོང་ཟོག་ནང་འདྲེན་བྱེད་ཚད་རིམ་བཞིན་མང་དུ་གཏོང་རྒྱུ་དང་འབྲེལ་མངའ་རིས་སོགས་ས་གནས(གྲོང་ཁྱེར)སུ་རྒྱལ་མཚམས་ལས་བརྒལ་བའི་ཚོང་ཟོག་ཉོ་ཚོང་ཡན་ལག་ལྟེ་གནས་བཙུགས་ནས་མང་ཚོགས་ཀྱི་དགོས་མཁོ་སྐོང་རྒྱུ་རེད།
     ནང་འདྲེན་ཚོང་ཟོག་རིགས་ཁག་ས་མཐོའི་ཁྱིམ་ཚང་ཁྲི་སྟོང་དུ་སླེབས་པ་དེ་ནི་བོད་ལྗོངས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་བསྡུས་རིས་ཤིག་རེད། རྒྱལ་ཁབ་ཀྱིས་ཨེ་ཤེ་ཡ་ལྷོ་མའི་ཕྱོགས་སུ་སྒོ་འབྱེད་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་ངོས་ནས་བོད་ལྗོངས་ཀྱི་དབྱར་རྩྭ་དགུན་འབུ་དང་། ཀུ་ཤུ། གཏེར་ཆུ། ཁ་བཏགས། ཆང་སོགས་བོད་ལྗོངས་ཀྱི་ཚོང་ཟོག་རྒྱལ་སྤྱིའི་ཁྲོམ་རར་འགྲེམས་སྟོན་བྱས་པ་དང་། ཉོ་ཚོང་རོགས་ཟླ་ནི་ན་ནིང་ལ་རྒྱལ་ཁབའམ་ས་ཁུལ140བར་རྒྱ་བསྐྱེད་པ་དང་། ཉོ་ཚོང་ཁྱབ་ཁོངས་ནི་ཨ་མེ་རི་ཁ་གླིང་བྱང་མ་ནས་ཨ་ཧྥེ་རི་ཁ་གླིང་བར་དང་། ཨེ་ཤེ་ཡ་ལྷོ་མ་ནས་དབུས་ཤར་ས་ཁུལ་བར་རྒྱ་བསྐྱེད་བྱུང་ཡོད།
    བོད་ལྗོངས་སློབ་ཆེན་དཔལ་འབྱོར་དང་དོ་དམ་སློབ་གླིང་གི་དགེ་རྒན་ཆེན་མོ་བ་འཇིགས་མེད་མཚོས། བོད་ལྗོངས་ལོ་རྒྱུས་ཐོག་དེ་སྔོན་ཡུན་རིང་བཀག་སྡོམ་གྱི་རྣམ་པར་གནས་ཤིང་། དེང་རབས་ཅན་གྱི་གཞུང་ལམ་གཅིག་ཀྱང་མེད་པས་བོད་ལྗོངས་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ལ་འགོར་འགྱངས་ཚབས་ཆེན་བྱུང་བ་དང་། ས་མཐོ་དང་ཕྱི་ཕྱོགས་དབར་འབྲེལ་གཏུག་དང་འབྲེལ་བ་བྱེད་པར་འགོག་རྐྱེན་བཟོས་ཡོད་ཅེས་བཤད།
     ད་ཆ་བོད་ལྗོངས་ལ་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ནུས་ལྡན་ངང་སྦྲེལ་མཐུད་དང་ཕན་ཚུན་ཁ་གསབ་བྱེད་པའི་ལངས་གཟུགས་འགྲིམ་འགྲུལ་རྣམ་པ་ཆགས་ནས་ཁྱབ་ཁོངས་མང་བ་དང་གཏིང་ཟབ་པའི་ཕྱི་ཕྱོགས་སྒོ་འབྱེད་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད། ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་དང་། ཀྲུང་གོའི་བོད་ལྗོངས་ཀྱི་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས། ཀྲུང་གོའི་བོད་ལྗོངས་ཀྱི“ཧི་མ་ལ་ཡ་སྐོར་བའི”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས《གསོ་རིག་རྒྱུད་བཞི》རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་ཚོགས་འདུ་སོགས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་མི་ཆོས་རིག་གནས་སྣ་ཚོགས་ལ་བརྟེན་ནས།  བོད་ལྗོངས་འདི་ཉིད་སྔར་བས་སྒོ་འབྱེད་ཀྱི་རྣམ་པའི་ཐོག་ནས་རྒྱུན་ཆད་མེད་པར་འཛམ་གླིང་དུ་མཉམ་འདྲེས་བྱེད་བཞིན་ཡོད།
     ཟླ་གསུམ་པའི་ཉིང་ཁྲིར་མེ་ཏོག་གི་དྲི་ཞིམ་གང་སར་ཁྱབ་པ་དང་། ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཉིས་པ་ནི་དུས་ལྟར་སྤེལ་ཞིང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་བོད་ལྗོངས་སུ་ཡོང་ནས་མེ་ཏོག་ལ་རོལ་མྱོང་བྱེད་པའི་ཡིད་དབང་བཀུག ཉེ་བའི་ལོ་ཤས་ཀྱི་རིང་ལ།  བོད་ལྗོངས་ཀྱིས་གསར་བརྗེའི་ཡུལ་སྐོར་དང་། གྲོང་གསེབ་ཡུལ་སྐོར། མཐའ་མཚམས་ཡུལ་སྐོར། ཆེད་དོན་ཡུལ་སྐོར། བོད་སྨན་དང་སྨན་རྫས་བདེ་ཐང་ལུས་ཕུང་ཤ་སྐམ་ཡུལ་སྐོར་སོགས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་མུ་མཐུད་ནས་འགྲེམས་སྤེལ་བྱས་ནས།  ས་མཐོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད། 2024ལོར་བོད་ལྗོངས་ཡོངས་ཀྱི་ཡུལ་སྐོར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི6389.1ཟིན་ནས་འགྲོ་སོང་བསྡོམས་འབོར་སྒོར་དུང་ཕྱུར745.93བཏང་།
     འགག་སྒོ་ནི་ཕྱི་ཕྱོགས་ལ་འགྲོ་འོང་དང་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་པའི་ཟམ་པ་ཞིག་ཡིན། 2025ལོའི་ཟླ་དང་པོར། ཁྱིམ་ཆས་དང་། ལྕགས་རིགས། འཚོ་བའི་མཁོ་ཆས་བཅས་བླུགས་པའི་ཨེ་ཤེ་ཡ་ལྷོ་མའི་ཆེད་གཏོང་མེ་འཁོར་ཞིག་ཧང་ཀྲོའུ་ནས་གཞིས་རྩེ་གྲོང་ཁྱེར་མེ་འཁོར་འབབ་ཚུགས་སུ་སླེབས་ཡོད། དངོས་ཟོག་རླངས་འཁོར་བརྒྱུད་ནས་བརྒྱུད་འདྲེན་བྱས་རྗེས་སྐྱིད་གྲོང་དང་འགྲམ་སོགས་འགག་སྒོ་བརྒྱུད་ནེ་པ་ལར་ཕྱིར་གཏོང་བྱེད་ཀྱི་ཡོད། གྲངས་གཞི་ལས་མངོན་པར། ན་ནིང་ཀྲུང་གོའི་བོད་ལྗོངས་ཀྱིས་ནེ་པ་ལར་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར51.2བྱས་པ་དེས84.8%འཕར་ཞིང་། ཀྲུང་གོ་དང་ནེ་པ་ལའི་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་རིན་ཐང་བསྡོམས་འབོར་གྱི32.7%བཟུང་ཡོད།
      སྒོ་འབྱེད་ཀྱི་བསམ་བློ་ནི་ས་མཐོར་འཕྱུར་བཞིན་ཡོད། སྒོ་འབྱེད་བྱེད་ཐབས་ལ་སྐུལ་འདེད་གཏིང་ཟབ་གཏོང་བཞིན་ཡོད།
    “ལོ་གསར་པའི་ནང་དུ་བོད་ལྗོངས་ཀྱིས་རང་འགུལ་ངང་རྒྱལ་ཁབ་སྒོ་འབྱེད་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་དེའི་ནང་མཉམ་འདྲེས་བྱས་ཏེ།  སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དང་གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། གླེང་སྟེགས་དང་། འགྲེམས་སྟོན། འགྲན་བསྡུར་སོགས་སྟེགས་བུ་གལ་ཆེན་བེད་སྤྱོད་ཡག་པོ་བྱས་ནས་མཐའ་འཁོར་རྒྱལ་ཁབ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་རེད”ཅེས་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་གསུངས། མཐའ་འཁོར་ཞིང་ཆེན་དང་བོད་ལྗོངས་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་གྱི་སྔོན་ཐོན་ལག་རྩལ་དང་ཐོན་ལས་སྤོ་སྒྱུར་གོ་རིམ་ལྡན་པའི་སྒོ་ནས་དང་ལེན་བྱས་ཏེ།  མ་དངུལ་དང་། ལག་རྩལ། ངལ་རྩོལ་མང་འདུས་ཀྱི་ཐོན་ལས་དེ་བས་མང་བ་ས་མཐོར་འདུག་རྒྱུའི་ཡིད་དབང་བཀུག་སྟེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
      ཡོང་སའི་ལམ་བུ་མ་བརྗེད་ན། ། བགྲོད་པའི་ལམ་ཁ་ནོར་མི་སྲིད། །  ལོ་ངོ66གི་བརྒྱུད་རིམ་ནི་རླབས་ཆེན་གྱི་འབད་འཐབ་ཀྱི་ལོ་རྒྱུས་སྙན་རྩོམ་ཞིག་རེད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་སྣེ་ཁྲིད་འོག བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལ་གཏན་འཁེལ་བྱས་པའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”ཞེས་པའི་དོན་ཆེན་བཞི་ལ་དམ་པོར་དམིགས་ནས།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་པའི་ཐོག་འོད་སྟོང་འཕྲོ་བའི་ལེའུ་གསར་པ་འབྲི་ངེས།