ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་རིག་གནས་ཁེ་དབང་འགན་སྲུང་ལ་མུ་མཐུད་ཤུགས་སྣོན་ཐེབས་པ།

སྤེལ་དུས 2025-03-31 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན རྩོམ་པ་པོ།
  རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྤྱི་ཟླ་3ཚེས་28ཉིན་འགྲེམ་སྤེལ་བྱས་པའི་དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་། བོད་ཀྱིས་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་དང་སྤྱོད་པ། བོད་སྐད་ཡིག་སྦྱོང་སྤྱོད་ཀྱི་ཁེ་དབང་འགན་སྲུང་བཅས་བྱས་པར་བརྟེན་བོད་ཀྱི་རིག་གནས་འཛུགས་སྐྱོང་ལ་སྔར་བྱུང་མྱོང་མེད་པའི་དར་རྒྱས་དང་འཕེལ་རྒྱས་བྱུང་ནས་མི་རིགས་ཁག་གི་མི་དམངས་ཀྱི་རིག་གནས་ཁེ་དབང་འགན་སྲུང་ནུས་ལྡན་བྱུང་ཡོད་ཅེས་འཁོད་ཡོད།
  རྒྱབ་ཤ་དཀར་པོའི་དེབ་ནང་། བོད་ཀྱིས་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད་ཅེས་ངོ་སྤྲོད་བྱས་ཡོད། སྤྱི་ལོ་2012ལོ་ནས་སྤྱི་ལོ་2024ལོའི་བར་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ཀྱིས་རིམ་རྩིས་བྱས་ནས་ཆེད་དངུལ་སྒོར་དུང་ཕྱུར་4.73བཏང་བ་དེ་དག་བོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སྲུང་སྐྱོང་དང་། རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཐོ་འགོད་བྱེད་པའི་ལས་དོན། རིག་གནས་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་ཁྲིད་སྦྱོང་བྱེད་སྒོ་དང་། རིག་གནས་སྲུང་སྐྱོང་བེད་སྤྱོད་དང་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཐད་སྤྱད་ཡོད་པ་རེད། དེ་དང་ཆབས་ཅིག་བོད་ཀྱིས་རིག་དངོས་གནའ་ཤུལ་ལ་སྲུང་སྐྱོང་ཡག་པོ་དང་། གནའ་དཔེ་དང་ཚད་ལྡན་ཡིག་ཆར་ཚན་རིག་དང་མཐུན་པའི་སྲུང་སྐྱོང་བྱས་ནས་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱས་ཡོད།
  རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་པར། བོད་དུ་རིམ་པ་ལྔ་ཡི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་རྒྱ་གཞི་རྩའི་ཆ་ནས་ཆགས་པ་དང་། གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ནས་མི་རིགས་ཁག་གི་མི་དམངས་ཚང་མས་སྤྱི་པའི་རིག་གནས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་པ་རེད།
  བོད་ཀྱིས་སྲིད་འཛིན་ཁྱབ་ཁོངས་སུ་བོད་སྐད་ཡིག་སྤྱོད་པའི་ཁེ་དབང་འགན་སྲུང་བྱས་པ་དང་། དཔེ་སྐྲུན་དང་། སྨྱན་སྦྱོར། འཚོ་བ་སོགས་ཀྱི་ཁྱབ་ཁོངས་སུ་བོད་སྐད་ཡིག་རྒྱ་ཁྱབ་ཏུ་སྤྱད་པ། སློབ་གསོ་དང་ཐ་སྙད་ཚད་ལྡན་ཅན་གྱི་ཁྱབ་ཁོངས་སུ་བོད་སྐད་ཡིག་སློབ་སྦྱོང་དང་འཕེལ་རྒྱས་གཏོང་བའི་དབང་ཆ་འགན་སྲུང་བྱས་ཡོད། བོད་ཀྱི་སློབ་གྲྭ་འབྲིང་ཆུང་ཚང་མར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་ཚན་དང་བོད་སྐད་ཡིག་སློབ་ཚན་ཡང་བཀོད་སྒྲིག་བྱས་ཡོད་པ་རེད།