ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་ཁོར་ཡུག་གི་ཁེ་དབང་འགན་སྲུང་ནུས་ལྡན་དང་གང་ལེགས་བྱུང་བ།

སྤེལ་དུས 2025-03-31 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྤྱི་ཚེས་28ཉིན་འགྲེམ་སྤེལ་བྱས་པའི་དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཐེར་ནང་། བོད་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་པས། འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཏུ་གྱུར་བ་དང་མི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁེ་དབང་འགན་སྲུང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད་ཅེས་བཏོན་འདུག
  རྒྱབ་ཤ་དཀར་པོའི་དེབ་ཐེར་ནང་། བོད་ཀྱི་ཁོར་ཡུག་ཁེ་དབང་འགན་སྲུང་གི་ཁྲིམས་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཁོར་ཡུག་གི་ཁེ་དབང་འགན་སྲུང་ལ་བཅའ་ཁྲིམས་དང་ལམ་ལུགས་ཀྱི་འདེགས་སྐྱོར་གལ་ཆེན་བྱས་ཡོད་ཅེས་འཁོད་འདུག
  རྒྱབ་ཤ་དཀར་པོའི་དེབ་ཐེར་ནང་། བོད་ཀྱིས་གཙང་པོ་གལ་ཆེན་33གཙོ་བོར་བྱས་པའི་གཙང་པོའི་ཆུ་འགོར་བརྒྱུད་རིམ་ལྡན་པའི་ངང་སྲུང་སྐྱོང་བྱས་པ་དང་། ལྷ་ས་སྐྱིད་ཆུ་དང་། མྱང་ཆུ། གྲི་གུ་མཚོ་སོགས་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རྣམ་གྲངས་ལག་བསྟར་བྱས་ཏེ། གཙང་པོ་དང་མཚོའི་དོ་དམ་སྲུང་སྐྱོབ་ཁྱབ་ཁོངས་དབྱེ་འབྱེད་བྱས་ནས་ཆུ་རྩ་གསོ་སྐྱོང་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་(གདང་ལའི་བྱང་རྒྱུད་ས་ཁོངས)བཙུགས་པ། གཙང་པོ་དང་མཚོ་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་སྤྱི་ཡོངས་ནས་ཡག་པོ་རྒྱུན་འཁྱོངས་ཐུབ་སྟེ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དེ་མཚུངས་ཆུ་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ཚད་གཞིར་སླེབས་པ་བཅས་བྱུང་ཡོད་ཅེས་ངོ་སྤྲོད་བྱས་འདུག
  རྒྱབ་ཤ་དཀར་པོའི་དེབ་ཐེར་ནང་། བོད་ཀྱིས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ནས་ས་ངོས་ཀྱི་ཆུ་དང་། འཐུང་ཆུའི་ཆུ་འགོའི་ཁུལ། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་སོགས་ལྟ་ཞིབ་ཚད་ལེན་དྲ་རྒྱ་གཙོ་གནད་དུ་བཟུང་སྟེ་ཁྲོན་བོད་ལྕགས་ལམ་ལམ་རྒྱུད་དང་ཇོ་མོ་གླང་མའི་རོང་ཕུ་ཆུ་བོ་སོགས་དཔེ་མཚོན་ས་ཁོངས་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་རྒྱུན་མཐུད་བྱས་ཡོད། སྤྱི་ལོ་2016ལོ་ནས་བཟུང་བོད་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་བརྒྱ་ཆ་99ཡན་ཟིན་ཡོད་ཅེས་འཁོད་ཡོད། 
  རྒྱབ་ཤ་དཀར་པོའི་དེབ་ཐེར་ནང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། སྤྱི་ལོ་2024ལོའི་ལོ་མཇུག་བར་ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་གི་གསང་སྤྱོད་ཁྲི་43བསྒྱུར་བཀོད་བྱས་པ་དང་ཁྱབ་གདལ་གཏོང་ཚད་བརྒྱ་ཆ་80.3ཟིན་ནས་ཞིང་འབྲོག་མང་ཚོགས་དེ་བས་མང་བར་གཙང་ལ་གྲལ་འགྲིག་པའི་གསང་སྤྱོད་སྤྱོད་རྒྱུ་བྱུང་ནས་སྤྱི་པའི་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་སོགས་བྱས་པ་བརྒྱུད་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དང་དུས་མཚུངས་མི་དམངས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་རིམ་བཞིན་ཟབ་ཏུ་ཕྱིན་ཡོད་ཅེས་འཁོད་ཡོད། 
  རྒྱབ་ཤ་དཀར་པོའི་དེབ་ཐེར་ནང་། བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་ལེགས་གཏོང་ལ་སྤྱི་འདོམས་བྱས་ཤིང་། སྤྱི་ལོ་2018ལོ་ནས་སྤྱི་ལོ་2024ལོ་བར་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་953.96དོན་འཁྱོལ་བྱས་ཡོད། སྤྱི་ལོ་2021ལོ་ནས་བཟུང་བོད་ཀྱིས་ཀྲུང་དབྱང་ནོར་སྲིད་ཀྱི་ནགས་ཚལ་སྐྱེ་ཁམས་ཁ་གསབ་དངུལ་སྒོར་དུང་ཕྱུར་69.3དོན་འཁྱོལ་བྱས་པ་དང་རྒྱལ་ཁབ་ལ་དབང་བ་དང་རྒྱལ་ཁབ་ལ་དབང་བ་མིན་པའི་ནགས་ཚལ་མུའུ་དུང་ཕྱུར་1.78ལ་དོ་དམ་སྲུང་སྐྱོབ་ནུས་ལྡན་བྱས་པས་ནགས་ཚལ་ཐོན་ཁུངས་མངོན་གསལ་དོད་པོས་འཕར་བ་དང་ཞིང་འབྲོག་པ་ཁྲི་210ལྷག་ཙམ་ལ་དེ་ལས་ཐད་ཀར་རམ་བར་བརྒྱུད་ཕན་པ་ཐོབ་ཡོད། སྐྱེ་ཁམས་ཀྱི་ཁ་གསབ་ལམ་ལུགས་ལག་བསྟར་བྱས་པ་བརྒྱུད་ཞིང་འབྲོག་པའི་ཡོང་འབབ་མང་དུ་ཕྱིན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཧུར་སེམས་ཆེ་རུ་ཕྱིན་ཞིང་། སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བར་སྐུལ་མ་ཐེབས་ཡོད་ཅེས་འཁོད་ཡོད།