“དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བའི་འགྲོ་ལམ་བརྒྱུད་དེ་གངས་ལྗོངས་ས་མཐོར་བརྩམས་པའི་མཛེས་སྡུག་ལྡན་པའི་ལེའུ་ཞིག་རེད”
བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་66འཁོར་བའི་མཚམས་སུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན》རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་ཏེ། དོན་དངོས་འབོར་ཆེན་དང་གྲངས་གཞི་ཞིབ་ཕྲའི་ཐོག་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་དང་ཡར་ཐོན་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ལ། ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱིས་སྤེལ་བའི་དཀྲོག་གཏམ་སྣ་ཚོགས་ལ་དགག་པ་ཚ་ནན་བརྒྱབ་ནས“ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགྲོ་བ་མིའི་ཐོབ་ཐང་ལོངས་སྤྱོད་གང་ལེགས་ཡོང་བའི་འགན་ལེན་བྱེད་པའི་ཡིད་ཆེས་དང་བྱེད་ཐབས་དེ་ཕྱོགས་གཏོགས་གང་རུང་གིས་བཀག་འགོག་དང་ནར་འགྱངས་བྱེད་མི་ཐུབ”ཅེས་བསྟན་ཡོད།
མི་ཚང་མར་འགྲོ་བ་མིའི་ཐོབ་ཐང་ལོངས་སྤྱོད་གང་ལེགས་ཡོང་བར་བྱེད་པ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚུད་པའི་ཀྲུང་གོ་མི་དམངས་ཡོངས་ཀྱི་འབད་འཐབ་དམིགས་ཚད་རེད། དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་ལེའུ་གསར་པར་ཀྲུང་གོ་གུང་ཁྲན་ཏང་གི་དོན་གཉེར་ལྷོད་མེད་དང་དཔའ་ངར་ཆེན་པོས་འགན་འཁྲི་འཁུར་བ་མཚོན་ཡོད།
ཆབ་སྲིད་ཀྱི་ཁེ་དབང་ནས་བལྟས་ན། འདེམས་དམངས་90%ཡན་རྫོང་དང་ཤང་གི་ཐད་ཀའི་འདེམས་བསྐོར་ཞུགས་པ་དང་། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་ཚང”790སོགས་མི་དམངས་མང་ཚོགས་ཀྱི་ཡུལ་བབ་དམངས་འདུན་མཚོན་པར་བྱེད་པའི་ལས་སྟེགས་ནུས་ལྡན་བསྐྲུན་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་བས། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས“ཡར་ལངས་ནས་རང་ཉིད་ཀྱི་བདག་པོར་གྱུར་པ”མ་ཟད། “རང་ཁྱིམ་རང་བདག་བྱུང་ནས་རྒྱལ་ཁབ་ཀྱི་བདག་པོར་གྱུར”ཡོད།
དཔལ་འབྱོར་གྱི་ཁེ་དབང་ནས་བལྟས་ན། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་བྱུང་བ་ནས་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་པའི་བར་དང་། དེ་ནས་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་2010ལོའི་ལོ་68.17ནས་2024ལོའི་ལོ་72.5བར་རིང་དུ་ཕྱིན་པ། འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་པས“དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད།
རིག་གནས་ཀྱི་ཁེ་དབང་ནས་བལྟས་ན། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ཐད་མ་དངུལ་འབོར་ཆེན་བཏང་བ་དང་། རིམ་ལྔའི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་རྒྱ་གཞི་རྩའི་ཆ་ནས་གྲུབ་པ། རིམ་རྩིས་བརྒྱབ་ན་བོད་ཡིག་དཔེ་དེབ་ཁྲི་4685དཔེ་སྐྲུན་བྱས་པ། སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་བཅས་ལས། བོད་ཀྱི་རིག་གནས་འཛུགས་སྐྱོང་ལ་སྔར་བྱུང་མྱོང་མེད་པའི་དར་རྒྱས་གོང་འཕེལ་བྱུང་ཡོད།
དུས་རབས་གསར་པར་གངས་ལྗོངས་ས་མཐོར་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱུང་བའི་ངོ་མཚར་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཐོབ་པ་ཞིག་ཡིན་པ་དེས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད་པ་མ་ཟད། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བའི་འགྲོ་ལམ་དེ་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་པ་དང་རང་རྒྱལ་གྱི་རྒྱལ་བབ་དང་འཚམ་པ་ཞིག་ཡིན་པས། དེ་ནི་གྲུབ་འབྲས་ཐོབ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བའི་འགྲོ་ལམ་ཞིག་ཡིན་པ་གང་ལེགས་མངོན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན་པ་དང་། འཕེལ་རྒྱས་ནི་མི་དམངས་ལ་བདེ་སྐྱིད་ཐོབ་པའི་འགག་རྩ་ཡིན”ཞེས་ནན་བཤད་གནང་ཡོད། བོད་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་མིན་དེ་བོད་ཀྱི་མི་དམངས་ལ་སྐད་ཆ་ཤོད་དབང་ཆེ་ཤོས་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ངོ་གདོང་ནས་འཕྱུར་བའི་བདེ་སྐྱིད་ཀྱི་འཛུམ་མདངས་དེ་ནི་དཔང་རྟགས་གསལ་ཤོས་དེ་རེད།
སྐྱེ་ཁམས་སྲུང་སྐྱོང་ཆེད་གནས་སྤོ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སོགས་གཙོ་གནད་ལས་གྲྭ་ལས་ས་བབ་སྨི་4900རུ་འཚོ་སྡོད་བྱེད་བཞིན་པའི་ཁྱིམ་ཚང་37གྱི་མི་143ཡོད་པའི་གཞིས་རྩེ་གྲོང་ཁྱེར་འཇིགས་སྐྱོབ་གྲོང་ཚོ“དཀའ་སྡུག་མཐོ་གསུམ”ནས་ཁ་བྲལ་ཏེ་ཁྱིམ་གཞིས་གསར་པར་སྤོ་ཐུབ་པ་བྱུང་བ་དང་། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་15རིང་གི་གཞུང་གྲོན་སློབ་གསོ་དང་ཞིང་འབྲོག་པའི་བུ་ཕྲུག་གི“འགན་ལེན་གསུམ”གྱི་སློབ་གསོའི་སྲིད་ཇུས་སྔོན་ལ་ལག་བསྟར་བྱས་པས་ནག་ཆུ་གྲོང་ཁྱེར་ཀྲུང་གོ་རྡོ་སྣུམ་སློབ་ཆུང་གི་ཕྲུ་གུ་ཚོར་བཅུད་ཡོད་པའི་ཁ་ལག་ཡག་པོ་ཟ་རྒྱུ་བྱུང་བ་མ་ཟད། ཉལ་ཁང་ཡག་པོ་ཡོད་པ་དང་གྱོན་གོས་ཡག་པོ་གྱོན་རྒྱུ་བྱུང་ཡོད། རིམ་པ་ཁག་ལ་ཁྱབ་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་ཞབས་ཞུའི་དྲ་རྒྱ་ཆགས་ནས་ལྷོ་ཁ་གྲོང་ཁྱེར་ཡུལ་སྨད་ཤང་དུ་ནད་ཆུང་ཤང་ནས་བཅོས་ཐུབ་པ་དང་། ཞིང་འབྲོག་པས་སྒོ་རྩར་སྨན་པ་བསྟེན་ཐུབ་ནས་སྟབས་བདེ་ལ་བློ་བདེ་བ་སོགས་ཀྱིས་དམངས་འཚོའི་དྲོ་སྐྱིད་དང་། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ། བདེ་སྐྱིད་ཀྱི་སྟོན་གྲངས་མཐོ་པོ་ཡོད་པ་བཅས་བདེན་དཔང་བྱས་ཡོད།
མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ནས་བོད་མི་དམངས་ཀྱི་འཚོ་གནས་དབང་ཆ་འགན་སྲུང་དང་བོད་མི་དམངས་ཀྱི་འཕེལ་རྒྱས་དབང་ཆ་མངོན་འགྱུར་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཏེ། བདེ་འཇགས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་དང་ཁྲིམས་ལྟར་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་མཐའ་འཁྱོངས་བྱས་པས་འགྲོ་བ་མིའི་ཐོབ་ཐང་ཁག་འགན་སྲུང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད།
འདི་ལོའི་ཟླ་དང་པོར་བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཐུགས་ཁྲལ་ཆེན་པོ་གནང་ནས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་བ་རེད། དཔུང་སྡེ་དང་། འཕྲལ་སྡོམ། མེ་ཟོན། སྤྱི་བདེ། སྤྱི་ཚོགས་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་བཅས་ཛ་དྲག་ངང་གཅིག་སྡུད་ཀྱིས་གེགས་སེལ་དངོས་ཟོག་གེགས་ཁུལ་མང་ཚོགས་ཀྱི་ལག་ཏུ་སྤྲད་པ་རེད། ཟླ་3ཚེས་3ཉིན་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་གྲོང་ཚོའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་རྣམ་གྲངས་8སྤེལ་འགོ་ཚུགས་པ་རེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་དང་ལས་ཀ་བྱས་པ་ལས་ཐོབ་པ་ཞིག་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་ནས་གསར་གཏོད་བྱས་པ་ཞིག་ཡིན་པ་ལག་ལེན་ནས་གསལ་པོར་མངོན་ཡོད། གྲུབ་འབྲས་འདི་ལྟ་བུ་ལས་སླ་པོར་ཐོབ་པ་ཞིག་མ་ཡིན་ཞིང་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད་ལ། སྟོབས་ཤུགས་གང་རུང་ཞིག་གིས་སུབ་ཐབས་མེད་པ་དང་རྫུན་གཏམ་གང་རུང་ཞིག་གིས་ཀྱང་འགེབས་མི་ཐུབ།
མིག་སྔར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འོད་སྟོང་རབ་ཏུ་འཕྲོ་བའི་མདུན་ལམ་མངོན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་དུས་རབས་གསར་པའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གི་ལམ་ཆེན་ཐོག་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་མི་དམངས་དུང་ཕྱུར་མང་པོའི་ཀུན་སེམས་གཅིག་སྒྲིལ་གྱི་དངོས་སྒྲུབ་འབད་འཐབ་ཡོད་ཚེ་དཀའ་ངལ་དང་ཉེན་ཁ་གང་རུང་ཞིག་གིས་ཀྲུང་གོ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་མདུན་སྐྱོད་ཀྱི་གོམ་སྟབས་འགོག་མི་ཐུབ་པས་ང་ཚོས་གངས་ལྗོངས་ས་མཐོའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གི་ལེའུ་གསར་པ་མུ་མཐུད་རྩོམ་ཐུབ་ངེས་རེད།