—— ལོ་ལྔའི་རིང་རང་ལྗོངས་ཀྱི་དམངས་སྲིད་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་དམངས་སྲིད་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ། དངོས་སྒྲུབ་དང་། གྲུབ་འབྲས་དངོས། ཕན་འབྲས་དངོས་བཅས་ལ་བརྟེན་ནས་དམངས་ཀྱི་སེམས་ཁྲལ་སེལ་བ་དང་། དམངས་འཚོར་ཕན་འདོགས་པ། དམངས་སེམས་དྲོ་བ་བཅས་བྱེད་པ་དང་། སེམས་ནུས་ཡོད་རྒུ་འདོན་པ་དང་བརྩེ་སེམས་དངོས་ལ་བརྟེན་ནས་དམངས་འཚོའི་བདེ་སྐྱིད་ཀྱི་གཞི་མདངས་མངོན་པར་བྱེད་པ། ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་ནུས་ལྡན་ཞུ་བ་བཅས་བྱས་ཏེ། རང་ལྗོངས་ཀྱི་དམངས་སྲིད་བྱ་གཞག་ལ་འཕེལ་རྒྱས་གསར་པ་ཡོང་བ་དང་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད།
ད་ཆ། རང་ལྗོངས་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་དང་སྤྱི་ཚོགས་ལས་དོན་གྱི་ཞབས་ཞུ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། རྒན་རྒོན་བྱ་གཞག་དང་རྒན་གསོའི་ཞབས་ཞུ་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པ། བུད་མེད་དང་བྱིས་པའི་ཕན་བདེའི་བྱ་གཞག་མུ་མཐུད་གཏིང་ཟབ་ཕྱོགས་སུ་རྒྱ་ཆེར་ཕྱིན་པ་སོགས་རེད། དུས་ཀྱི་མདའ་མོའི་གནས་ཚད་ནས་ཕྱིར་ལྟ་བྱས་ཚེ། ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ནི་ལོ་ལྔའི་རིང་བོད་ཀྱི་དམངས་སྲིད་ཁྱབ་ཁོངས་ཀྱི་གནད་ཚིག་ཅིག་རེད།
རྨང་བརྟན་བློ་སྦྱོང་བྱས་ནས་ཆབ་སྲིད་འཛུགས་སྐྱོང་གིས་དམངས་སྲིད་བྱ་གཞག་གི་ཁ་ཕྱོགས་ལ་སྣེ་ཁྲིད་བྱས་པ།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་སྲིད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མ་ལག་བཞི”དང“དམིགས་པ་གསུམ” “ཤུགས་རྒྱག་པ་གཉིས”སོགས་ཀྱི་མཛུབ་སྟོན་གལ་ཆེན་ལ་དམ་འཛིན་ལྷོད་མེད་བྱས་ཏེ། ལྟེ་བར་དམིགས་པ་དང་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་བཏང་ནས། ཆབ་སྲིད་འཛུགས་སྐྱོང་དང་། ནུས་པ་ཆེར་གཏོང་། དོ་དམ་ལེགས་གཉེར། གཙོ་འགན་གཙོ་ལས། དཀའ་གནད་སྒྱུར་བཅོས། གྲངས་འཛིན་ནུས་སྦྱིན་སོགས་ཀྱི་ཐད་ནས་འགོ་བརྩམས་ཏེ། དམངས་སྲིད་ཁོངས་གཏོགས་སུ“ཕྱོགས་དྲུག་ཐད་ནས་ཕན་ནུས་འདོན་དགོས་པ”ནང་དོན་གཙོ་བོར་བྱས་པའི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཁུངས་ཀྱི་ཕན་ནུས་འཛུགས་སྐྱོང་བྱས་པ་དང་། “ནན་པོ་དང་། བདེན་པ། ཞིབ་ཕྲ། ཏན་ཏིག མགྱོགས་པོ”བཅས་ཀྱི་ལས་ཀའི་སྤྱོད་ཚུལ་ནུས་ཤུགས་ཡོད་རྒུས་བཏོད་པས། མངོན་གསལ་དོད་པོས་ལས་ཁུངས་ཀྱི་ལས་ཀའི་སྤུས་ཚད་མཐོ་རུ་དང་ཕན་ནུས་ཆེ་རུ་ཕྱིན་ཡོད།
“དམངས་སྲིད་ལས་དོན་སྤེལ་བའི་བརྒྱུད་རིམ་ནང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་དམངས་སྲིད་ལས་དོན་གྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། དམངས་སྲིད་ལས་དོན་གྱི་ཐ་སྐྱོང་རྨང་བརྟན་གྱི་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། དམངས་ཆེད་དམངས་གཅེས་ཀྱི་བསམ་པར་བརྟེན་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། དམངས་འཚོར་ཕན་འདོགས་པ་དང་དམངས་སེམས་དྲོ་བའི་བྱེད་ཐབས་དེ་བས་མང་བ་སྤྱད་དེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་བཏང་ཡོད”ཅེས་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཐིང་ཀྲང་ལིའུ་ཀྲུང་ཆང་གིས་བརྗོད།
དཀའ་སེལ་འགག་སྒྲོལ་བྱས་ནས་དམངས་འཚོ་འགན་སྲུང་གི་ལམ་ལུགས་མ་ལག་ལ་སྐུལ་འདེད་བརྟན་པོ་བཏང་བ།
ལོ་ལྔའི་རིང་། རང་ལྗོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་འགན་ལེན་དང་མཁོ་སྤྲོད་བྱ་རྒྱུ་དེ་སྲིད་གཞུང་གི་ཆེས་གཞི་རྩའི་དམངས་འཚོའི་འགན་འཁྲི་ཞིག་ཏུ་བརྩིས་ནས་དམ་འཛིན་མཐའ་འཁྱོངས་བྱས་ཏེ། དམངས་ཕན་སྲིད་ཇུས་རེ་རེ་བཞིན་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། བྱ་བ་བཟང་པོ་དང་བྱ་བ་དངོས་རེ་རེ་བཞིན་མང་ཚོགས་ཀྱི་སེམས་སུ་ཟུག་པ་ཞིག་བསྒྲུབས་ནས་རྒྱ་ཆེའི་མང་ཚོགས་ལ་སྤུས་ཚད་དེ་བས་མཐོ་བའི་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་རྒྱུ་ཡོང་བ་བྱས་ཡོད།
རྒན་རྒོན་བྱ་གཞག་དང་རྒན་གསོའི་ཞབས་ཞུའི་ཐད། 《དུས་རབས་གསར་པའི་རྒན་རྒོན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར》དམ་འཛིན་བྱ་གཞིར་བྱས་ཏེ། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག་དང་། རྒྱལ་ཁབ་ཀྱིས་ན་རྒས་ཅན་ལ་གྱུར་བར་ཁ་གཏད་ཧུར་ཐག་གཅོག་པའི་དུས་ཡུན་རིང་འབྲིང་གི་འཆར་འགོད་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་ལག་བསྟར་ཇུས་གཞི། གཞི་རྩའི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་ཇུས་གཞི། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་འཚམས་འདྲི་དང་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་ལག་བསྟར་ཇུས་གཞི། ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ལས་དོན་གྱི་ལག་བསྟར་ཇུས་གཞི་སོགས་རྒན་རྒོན་གྱི་ཞབས་ཞུ་འགན་སྲུང་ཁྱབ་ཁོངས་ཁག་ལ་ཁྱབ་པའི་སྲིད་ཇུས་རང་བཞིན་དང་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་ཁག་30ལྷག་ཙམ་སྔ་རྗེས་སུ་བཏོན་ནས་ལྗོངས་ཡོངས་ཀྱི་རྒན་རྒོན་བྱ་གཞག་འཕེལ་རྒྱས་ལ་འགན་སྲུང་བརྟན་པོ་བྱས་ཡོད།
སྤྱི་ཚོགས་རོགས་སྐྱོབ་ཐད། རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་སྟེ《སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་བྱ་ཐབས་འགའ་ཞིག》དང《བོད་རང་སྐྱོང་ལྗོངས་ཀྱི་རོགས་སྐྱོབ་རེ་ཞུ་བྱས་པའི་གྲོང་མིའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་བྱ་ཐབས》 《སྤྱི་ཚོགས་རོགས་སྐྱོབ་ལ་ལྟ་སྐུལ་ཞིབ་བཤེར་གྱི་ཕུགས་ཕན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《བོད་རང་སྐྱོང་ལྗོངས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་དང་བསྙེན་བཀུར་བྱ་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལག་བསྟར་བྱ་ཐབས》སོགས་སྔ་རྗེས་སུ་བཏོན་ནས་ཕྱོགས་ཡོངས་ལ་ཁྱབ་པ་དང་། རིམ་དབྱེ་རིགས་དབྱེ། ཕྱོགས་བསྡུས་ནུས་ཆེ་བཅས་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་བསྐྲུན་ཡོད།
བྱིས་པའི་ཕན་བདེའི་བྱ་གཞག་ཐད། བསམ་བློའི་བྱང་ཚད་མཐོར་གཏོང་དང་། ལྟ་སྐྱོང་སྤུས་ཚད་མཐོར་གཏོང་། གནད་སྨིན་རོགས་སྐྱོར། བདེ་འཇགས་འགོག་སྲུང་། རྩ་སྲ་རྨང་བརྟན་བཅས་ཀྱི་བྱ་སྤྱོད་ཁག་ལྔ་ལག་བསྟར་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་དཀའ་ངལ་ཡོད་པ་དང་གཞིས་ལུས་བྱིས་པའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་དང་། སེམས་ཁམས་བདེ་ཐང་སློབ་གསོ། བསམ་བློ་རིག་གནས་འཚོ་བ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་དངོས་པོའི་རོགས་སྐྱོར་ནས་བསམ་བློ་གསོ་བའི་བར་གྱི་ཕྲེང་སྦྲེལ་ཧྲིལ་པོའི་གཅེས་སྐྱོང་ཞབས་ཞུའི་མ་ལག་བསྐྲུན་ཡོད།
རོགས་སྐྱོབ་མ་དངུལ་སྤྲོད་པ་ནས“དངོས་པོ་དང་ཞབས་ཞུ་ཟུང་དུ་འབྲེལ་བའི”རོགས་སྐྱོར་མ་ལག་འཛུགས་པའི་བར་དམངས་སྲིད་ཀྱི་ཞབས་ཞུ་རིམ་སྤོར་བྱས་པ་ནི“གཞི་རྩ་འགན་སྲུང”ནས“སྤུས་ཚད་མཐོར་གཏོང”ཕྱོགས་སུ་འགྱུར་ལྡོག་གཏིང་ཟབ་བྱུང་བ་མཚོན་པ་དང་། དམངས་སྲིད་ཁྱབ་ཁོངས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་བརྟན་པོ་བཏང་སྟེ་ལྗོངས་ཡོངས་ཀྱི་དམངས་སྲིད་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགན་ལེན་ནུས་ལྡན་བྱས་ཡོད།
གནད་སྨིན་ཤུགས་འདོན་བྱས་ནས་དམངས་འཚོའི་ཞབས་ཞུའི་འགན་སྲུང་གི་མཐའ་ཚད་བརྟན་དུ་བཏང་བ།
ལོ་ལྔའི་རིང་། རང་ལྗོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་རྒན་རྒོན་གྱི་ལས་དོན་དང་། རྒན་གསོའི་ཞབས་ཞུ། བྱིས་པའི་ཕན་བདེ་སོགས་འགག་རྩའི་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ། དམངས་སྲིད་ལས་དོན་ཙམ་མ་ཟད་སྤྱི་ཚོགས་སྤྱི་ཡོངས་ལ་ལྟ་རྟོགས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྙིང་རུས་གཏན་འཁྱོངས་དང་རྒྱུན་ཆད་མེད་པར་ནུས་པ་འདོན་པ། ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་ལེན་དང་། མཐའ་གྲས་སྐྱོང་བ། དཀའ་ཉེན་ལས་སྐྱོབ་པ། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དམངས་སྲིད་བྱ་གཞག་འཕེལ་རྒྱས་ཐད་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད།
དབང་པོ་སྐྱོན་ཅན་ནི་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་ཞིག་ཡིན་པས་དེར་དམིགས་བསལ་གྱི་དོ་ཁུར་དང་སེམས་ཁུར་བྱེད་དགོས་ཀྱི་ཡོད། ཉེ་བའི་ལོ་ལྔའི་རིང་། རང་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་ཞབས་ཞུའི་འགན་སྲུང་མ་ལག་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁ་གསབ་རེ་ཞུ་བྱ་ཡུལ་གནད་སྨིན་གཏན་འཁེལ་བྱེད་པ། ཁ་གསབ་ཚད་གཞི་འགུལ་རྣམ་ཅན་གྱི་སྒོ་ནས་ལེགས་སྒྲིག་བྱེད་པ། དབང་པོ་སྐྱོན་ཅན་གྱི་སྲིད་དོན་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི“ཁ་གསབ་ཁག་གཉིས”ཀྱི་ཚད་གཞི་སྔ་རྗེས་སུ་ཐེངས་གཉིས་མཐོ་རུ་བཏང་ནས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཚད་གཞི་མི་རེར་ཟླ་རེར་སྒོར་144བར་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་གཡོག་ཁ་གསབ་ཚད་གཞི་མི་རེར་ཟླ་རེར་སྒོར་288བར་མཐོ་རུ་བཏང་ཡོད།
དེ་དང་ཆབས་ཅིག དམིགས་བསལ་དཀའ་ངལ་དང་། མ་མཐའི་འཚོ་བའི་འགན་ལེན། ལོ་ན་མཐོ་བ། ནུས་པ་ཤོར་བའི་རྒན་རྒོན་བཅས་ལ་ཐ་སྐྱོང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་གསོ་སྐྱོང་ཞབས་ཞུ་ལྟེ་གནས་80བསྐྲུན་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་5836ལ་གཅིག་སྡུད་བསྙེན་བཀུར་བྱས་པ། རྒན་གསོ་ཞབས་ཞུའི་ཐ་སྐྱོང་འགན་སྲུང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར་8.1བཏང་ནས་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་65དང་གྲོང་གསེབ་ཀྱི་རྒན་གསོ་ཁང་156བསྐྲུན་པ་དེས་རིམ་རྩིས་བྱས་ན་རྒན་རྒོན་མི་ཐེངས་ཁྲི་90ལྷག་ཙམ་ལ་བདེ་ཐང་མཛུབ་ཁྲིད་དང་། འཚོ་བའི་ལྟ་སྐྱོང་། བསམ་པའི་སེམས་གསོ། རིག་གནས་རོལ་རྩེད། ལུས་གསོ་ནད་གསོ་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ། རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་དྲ་ཚིགས་133བསྐྲུན་ནས་རྒན་རྒོན་ཐག་ཉེ་ས་དང་སྟབས་བདེ་སར་བཟའ་བཏུང་ཆོག་པའི་ཞབས་ཞུའི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཡོད། མ་དངུལ་སྒོར་དུང་ཕྱུར་4.95བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་57རིམ་སྤོར་བསྒྱུར་བཀོད་རྣམ་གྲངས་ལག་ལེན་བསྟར་བ་དང་། རྒན་རྒོན་ལ་ཞབས་འདེགས་ཞུ་བའི་ནུས་པའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་ཐ་སྐྱོང་རྒན་གསོ་ཞབས་ཞུའི་སྒྲིག་གཞིའི་འགན་སྲུང་ནུས་པ་མུ་མཐུད་ཆེ་རུ་བཏང་ཡོད།
བྱིས་པ་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་མི་རིགས་ཀྱི་རེ་བ་ཡིན། རང་ལྗོངས་ཀྱིས་ལོ་གསུམ་བསྟུད་མར་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞི་མཐོ་རུ་བཏང་བ་སྟེ། ས་བབ་མཐོ་ཚད་རིགས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ས་ཁུལ་གྱི་མི་རེར་ཟླ་རེར་སྒོར་1468དང་། སྒོར་1762 སྒོར་1982བཅས་བར་སོ་སོར་མཐོ་རུ་བཏང་བ་དང་འཕར་ཚད་38.6%ཟིན་ཡོད། དྭ་ཕྲུག་མི་ཐེངས་7287ལ་སློབ་སྐྱོར་མ་དངུལ་སྒོར་ཁྲི་7287དོན་འཁྱོལ་བྱས་པ་དང་། དྭ་ཕྲུག་1673སློབ་སྐྱོར་མ་དངུལ་གྱི་རོགས་སྐྱོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་སློབ་མཐར་ཕྱིན་པ་དང་འབྲེལ་སྔ་རྗེས་སུ་ལས་ཀར་ཞུགས་ཡོད། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་འཕྲལ་སྡོམ་ཐག་གཅོད་དང་། རོགས་སྐྱོབ་རོགས་སྐྱོར། སེམས་ཁམས་གཅེས་སྐྱོང་སོགས་ཀྱི་སྲུང་སྐྱོང་ལས་དོན་གཏིང་ཟབ་སྤེལ་བ་དང་། སེམས་ཁམས་བདེ་ཐང་ལ་གཅེས་སྐྱོང་དང་། བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུ། སློབ་གསོ་གསོ་སྦྱོང་ཞབས་ཞུ་སོགས་འབྲེལ་ཡོད་བྱེད་སྒོ་སྤེལ་ནས་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་5ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད།
དམངས་འཚོའི་སྲིད་ཇུས་རེ་རེ་ལས་དཀའ་ངལ་ཡོད་པའི་མང་ཚོགས་ལ་གཅེས་སྐྱོང་བྱེད་པའི“དམངས་འཚོའི་དྲོ་སྐྱིད”སྦྱིན་ལུགས་བདེན་དཔང་བྱས་ཡོད་ལ། དམངས་འཚོའི་རྣམ་གྲངས་རེ་རེ་ལས་དམིགས་བསལ་ཚོགས་སྤྱིའི“བདེ་སྐྱིད་སྟོན་གྲངས”རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། སྲ་ཞིང་བརྟན་པའི་གོམ་སྟབས་རེ་རེ་ལས་མི་དམངས་བློ་ཡིད་ཚིམ་པའི“དུས་རབས་ཀྱི་རྒྱུགས་ལན”ཧུར་ཐག་ཕུལ་བ་ཡང་མཚོན་ཡོད། དེ་ནི་བོད་ཀྱི་དམངས་སྲིད་ལས་དོན་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིན་ལ། འབྱུང་འགྱུར་གྱི་ལས་དོན་ལ་གཟི་བརྗིད་ལྡན་པའི་ཁས་ལེན་བྱས་པ་ཞིག་ཀྱང་རེད།