དཔྱིད་དུས་ཀྱི་ཡར་ལུང་ས་གཞི་ཆེན་པོར་རྩྭ་རྩི་ཤིང་གི་མྱུ་གུ་རབ་ཏུ་འབུས་ཤིང་སྐྱེ་དངོས་སྣ་ཚོགས་ལ་གསོན་ཤུགས་རབ་ཏུ་རྒྱས་པས། ག་ས་གང་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་འདྲེས་ཀྱི་རི་མོ་མངོན་པར་བཀྲ་ཡོད།
ཀྱག་ཀྱོག་གི་རི་ལམ་ཞིག་བརྒྱུད་ནས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྡོ་ཕོ་བྲང་ཞང་གི་ལྷོ་རིའི་སྟེང་གི་ཁོད་སྙོམས་པའི་ས་སྟོང་ཞིག་ཏུ་སླེབས། དེ་གར། སྔོན་ཆད་ཀྱི་རི་རྒོད་དག་གིས་སྔོ་ལྗང་གིས་གོས་ཆེན་མནབས་འདུག ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་ལས་གྲྭ་དེས་མཐོ་སྒང་གི་སྐྱེ་ཁམས་མངའ་ཁོངས་བཟོ་བཅོས་བྱས་པར་མ་ཟད། མཐོ་གྲང་ས་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་དང་དམངས་འཚོ་ལེགས་བཅོས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་གསར་གཏོད་ཐབས་ལམ་ཞིག་འཚོལ་ཞིབ་ཀྱང་བྱས་ཡོད།
ཉེ་བའི་ལོ་ཤས་ཀྱི་རིང་ལ། སྣེ་གདོང་ཆུས་ཀྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་གཅིག་གྱུར་འཆར་འགོད་བྱས་ཏེ། ལྗང་མདོག་ལ་བརྟེན་ནས་སྐྱེ་ཁམས་ཀྱི་རྨང་གཞི་སྲུང་སྐྱོང་མཐའ་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ས་ཆ་སྔོ་ལྗང་གི་བྱ་སྤྱོད་སྤེལ་བ་དང་ལྷ་སའི་ལྷོ་བྱང་རི་རྒྱུད་སྔོ་ལྗང་ལས་གྲྭ་སོགས་གཙོ་གནད་སྐྱེ་ཁམས་རྣམ་གྲངས་ལ་དམིགས་ནས། སྣེ་གདོང་ཆུས་ཀྱི་ལྗང་མདོག་སྐྱེ་ཁམས་བདེ་འཇགས་ཀྱི་བཀག་རྒྱ་རྒྱུན་ཆད་མེད་པར་སྲ་བརྟན་དུ་བསྐྲུན་ཡོད།
ས་ཁོངས་ཀྱི་སྐྱེ་ཁམས་བཏོད་པ།
དེ་སྔ་སྣེ་གདོང་ཆུས་སུ་སྔོ་ཁེབས་ཉུང་ཞིང་། དཔྱིད་ཀར་བྱེ་རླུང་ལྡང་མང་ལ་དབྱར་ཁར་དྲག་ཆར་བབས་ནས་ཆུ་ལོག་མང་པོ་བྱུང་གིན་ཡོད། འདམ་རྡོ་ཆུ་རུད་དང་རི་ཉིལ་བ་སོགས་ས་གཤིས་གནོད་འཚེ་ཡང་ཡང་བྱུང་ནས། རང་བྱུང་ཁོར་ཡུག་ངན་པའི་དབང་གིས་མང་ཚོགས་ལ་བྱེ་རླུང་མང་བའི་སྡུག་བསྔལ་ཡོང་གི་ཡོད། “སྔོ་ལྗང་གང་སར་བཏབ་ནས་རི་སྔོན་དུ་འགྱུར་རྒྱུ”དེ་ས་གནས་དེ་གའི་མང་ཚོགས་ཀྱི་ཆེས་ཁ་ཚ་དགོས་གཏུག་གི་རེ་འདུན་ཞིག་ཏུ་གྱུར་ཡོད།
རི་སྔོན་ཆུ་དྭངས་ནི། གསེར་རི་དངུལ་རི་ཡིན། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱས་རྗེས་དེང་འདིར་འཇོག ཕན་འབྲས་སྐལ་བརྒྱར་ཐོབ། བྱེ་རླུང་བཀག་འགོག་དང་སྐྱེ་ཁམས་ལེགས་སུ་གཏོང་ཆེད། སྣེ་གདོང་ཆུས་ཀྱིས་དམིགས་འབེན་དང་ལས་འགན་ལ་དོ་སྣང་ཆེན་པོ་བྱས་ནས། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་ནན་པོ་བྱས་ཏེ། དཔྱིད་དུས་ཀྱི་དུས་ཚོད་བཟང་པོ་དམ་འཛིན་བྱས་ཤིང་། ལས་ཡུན་ལྡོག་སྒྲིག་དང་། བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། མི་སྣ་བཀོད་སྒྲིག འཕྲུལ་ཆས་དུས་ཐོག་ཏུ་ཐོན་པ། ཆུ་ཚོད་ལྟ་བ་དང་། དྲ་ར་སྒྲིག་པ། ཆུ་འདྲེན་སྦུག་ལམ། ཆུ་གསོག་དོང་ཞིབ་བཅོས། ལྗང་ཤིང་སྐམ་པོ་གཙང་སེལ་སོགས་ཀྱི་ལས་དོན་ལ་དུས་ཐོག་ཏུ་སྐུལ་འདེད་བཏང་ཡོད།
གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ལྷ་སའི་ལྷོ་བྱང་རི་བོའི2024ལོའི་ལོ་འཁོར(ལྷོ་རི་དུམ་བུ)གྱི་སྣེ་དགོང་ཆུས་ཀྱི་ནགས་བཟོ་སྔོན་ལ་བསྐྲུན་རྗེས་ཁ་གསབ་བྱེད་པའི་ལས་གྲྭའི་དུས་རིམ་གཉིས་པ2024ལོའི་ཟླ5པར་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། དེའི་ནང་དུ2024ལོར་ནགས་བཟོ་སྔོ་ལྗང་ཁྱོན་ཁུལ4བྱས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་མུའུ5893.8ཡིན་པ་དང་། ལས་གྲྭའི་རགས་རྩིས་མ་དངུལ་སྒོར་ཁྲི18623.38བཏང་ཞིང་། 2025ལོའི་སྔོ་ལྗང་ནགས་བཟོ་ལས་གྲྭའི་རྣམ་གྲངས་ནི་ཤར་ཁུལ་དུ་ཁྱོན་བསྡོམས་ཁུལ་ཁག7ཡིན་ལ། སྔོ་ལྗང་ལས་འགན་མུའུ14240.4ཡིན་པ་དང་། རགས་རྩིས་མ་དངུལ་སྒོར་ཁྲི36253.47བཏང་བ་དང་། སྔོ་ལྗང་ནགས་བཟོ་ལས་གྲྭའི་རྣམ་གྲངས་མུ་མཐུད་སྤེལ་བཞིན་ཡོད།
སྣེ་གདོང་ཆུས་ལ་བལྟས་ཚེ། གསར་དུ་བཙུགས་པའི་སྡོང་ཕྲུག་དང་རྒྱང་རིང་གི་གངས་རི་གཉིས་ཕན་ཚུན་རྒྱན་དུ་གྱུར་ནས་ཡོད། དཔྱིད་ཀྱི་རླུང་བུ་འཇམ་པོ་ཡར་ལུང་གཙང་པོའི་གྲོག་རོང་བརྒྱུད་ནས་ལྡང་དུས། ལྗང་ལོའི་དྲི་ཞིམ་ཡུན་གྱིས་གང་སར་འཐུལ་ཡོང་།
འཚོ་རྟེན་ལས་སྤྲོད་བྱས་ཏེ་ད་ཆ་རི་མགོར་ལྗང་མདོག་གིས་ཁེངས།
ད་ལོ་ལོ42ལ་སླེབས་པའི་སྣེ་གདོང་སོ་དྲུག་ཞང་ཆ་ཐང་གྲོང་ཚོའི་གྲོང་མི་ཆུང་བདག་གིས་གསར་དུ་མྱུ་གུ་འབུས་པའི་གླ་ཚེར་གྱི་མྱུ་གུར་ལྟ་བཞིན་གདོང་ལས་བདེ་སྐྱིད་ཀྱི་འཛུམས་མདངས་འཕྱུར། དེ་སྔའི་སྨན་རྩྭ་འཐུ་མཁན་དེ་ད་ཆ་མཐའ་འཁོར་གྱི་གྲོང་མི་དང་འདྲ་བར་ཐུན་མོང་ཐོག“སྐྱེ་ཁམས་སྲུང་མཁན”དུ་གྱུར་ཡོད།
2024ལོ་ནས་བཟུང་སྟེ། སྣེ་གདོང་ཆུས་ཀྱི་འཚོ་རྟེན་ལས་སྤྲོད་བྱེད་པའི་རྣམ་པ་ཁྱབ་གདལ་ཤུགས་ཆེན་བཏང་ནས་མཐའ་འཁོར་གྱི་ཞིང་འབྲོག་མང་ཚོགས་ནགས་བཟོའི་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ལྷ་སའི་ལྷོ་བྱང་རི་རྒྱུད་སྔོ་འགྱུར་ལས་གྲྭའི་ནང་ཞུགས་ཚད་ས་གནས་དེ་གའི་ལས་མི70%ལས་མི་དམའ་བ་འགན་ལེན་བྱས་ཡོད།
ཆུང་བདག་བཟའ་ཚོ་གཉིས་ནགས་བཟོ་ལས་གྲྭ་དང་ཨར་འདམ་བཟོ་གྲྭའི་ནང་ཞུགས་ནས་ཁྱིམ་ཚང་གི་ཡོང་འབབ་སྒོར་ཁྲི6ལས་བརྒལ་ཞིང་། དེ་སྔོན་ཆད་ལས་ལྡབ་གཉིས་འཕར་ཡོད། ལས་ཀ་བྱེད་པའི་བརྒྱུད་རིམ་ནང་ཆུང་བདག་གིས་ལྕང་སོན་གདམ་གསེས་དང་། ས་ཞིང་ལེགས་བཅོས། ཚན་རིག་དང་མཐུན་པའི་འདེབས་འཛུགས། དོ་དམ་སྲུང་སྐྱོང་བྱ་ཐབས། ནད་འབུ་འགོག་བཅོས་བཅས་ཀྱི་ཤེས་བྱ་བསླབས་པ་རེད།
སྣེ་གདོང་ཆུས་སུ་ཆུང་བདག་བཟའ་ཚོ་དང་འདྲ་བའི“སྐྱེ་ཁམས་ལས་ཞུགས”མངོན་འགྱུར་བྱུང་བའི་ཞིང་འབྲོག་པ་མང་པོ་ཡོད། གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། སྐྱེ་ཁམས་ལས་གྲྭས་སྣེ་གདོང་ཆུས་ས་གནས་ཁག་གི་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི624བྱུང་བ་དང་འཕྲུལ་ཆས་ལས་ཡོང་འབབ་སྒོར་ཁྲི105འཕར་ཡོད། སྐྱེ་ཁམས་ནགས་བཟོའི་རྣམ་གྲངས་ཀྱིས་རི་རྒོད་ལྗང་མདོག་སུ་གྱུར་བར་བྱས་པ་མ་ཟད། མི་སེར་གྱི་དངུལ་ཁུག་ཀྱང་ལྗིད་ཐིག་ཐིག་ཏུ་གྱུར་ཡོད།
ཆུང་བདག་གིས་གསར་འགོད་པར་བཤད་དོན། “ས་རྒོད་དེ་རིམ་བཞིན་ལྗང་མདོག་ཏུ་གྱུར་བ་དང་། སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་ཕྱིན་ནས་ང་ཚོ་མི་སེར་ལའང་དངོས་གནས་ཀྱི་བདེ་སྐྱིད་ཚོར་སེམས་ཆེན་པོ་བྱུང་”
ལམ་སྲོལ་གསར་གཏོད་བྱས་ནས་ལྗང་མདོག་གི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བྲིས་ཡོད།
ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་ལས་གྲྭ་སྐུལ་འདེད་གཏོང་བའི་ཁྲོད་ཚན་རྩལ་གྱིས་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཡོད།
སྣེ་གདོང་ཆུས་རྡོ་ཕོ་བྲང་ཞང་སྤུ་སྨད་གྲོང་ཚོར་གནས་པའི་སྔོ་འགྱུར་ལས་ཡུལ་དུ་བསྐྱོད་སྐབས། གསར་འགོད་པས་ཞིང་སྤྱོད་རྩི་ཤིང་སྲུང་སྐྱོབ་མི་མེད་གནམ་གྲུ་ཡིས་སྐར་མ་གཅིག་ནང་ས་དང་སྡོང་ལྗང་རི་ལྡེབས་སུ་སྐྱེལ་འདྲེན་བྱེད་བཞིན་པ་མཐོང་བྱུང་།
ལྷོ་ཁ་གྲོང་ཁྱེར་ནོར་གསུམ་སྐྱེད་ཚལ་སྔོ་ལྗང་ཚད་ཡོད་ཀུང་སིའི་རྣམ་གྲངས་འགན་འཁུར་བ་ཨ་ཀྲུང་གིས་གསར་འགོད་པར་བཤད་དོན། “ས་ཆ་ཁ་ཤས་ཀྱི་ས་བབ་གཟར་བས་མི་མེད་གནམ་གྲུ་སྤྱད་ན་སྟབས་བདེ་ལ་བདེ་འཇགས་ཀྱང་ཡོད། མི་མེད་གནམ་གྲུའི་རོགས་རམ་ཡོད་པས་ང་ཚོས་འདེབས་འཛུགས་ལ་བློ་རྩེ་གཅིག་ཏུ་སྒྲིལ་དགོས་ལ། ཉེན་ཁར་མ་ལྟོས་པར་དུས་ཚོད་མང་པོ་སྤྱད་དེ་དཀའ་ངལ་ཆེན་པོ་བརྒྱབ་ནས་ས་དང་སྡོང་ལྗང་རི་བོའི་སྟེང་དུ་སྐྱེལ་མི་དགོས”ཞེས་བཤད།
སྣེ་གདོང་ཆུས་ཀྱིས་མི་མེད་གནམ་གྲུའི་ལྟ་ཞིབ་ཚད་ལེན་དང་། རྒྱང་ཚོར་ལག་རྩལ། ས་ཁམས་ཆ་འཕྲིན་མ་ལག་སོགས་དེང་རབས་ཚན་རྩལ་བྱ་ཐབས་སྤྱད་དེ་ལྗང་མདོག་ལས་གྲྭ་ལ་གནད་ལ་འཁེལ་བའི་འཆར་འགོད་དང་། ཚན་རིག་དང་མཐུན་པའི་ལས་སྐྲུལ། དོ་དམ་ནུས་ལྡན་བཅས་མངོན་འགྱུར་བྱས་པ་མ་ཟད། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཚན་རིག་དང་མཐུན་པའི་འདེབས་འཛུགས་བྱས་ཏེ། གདོད་མའི་སྔོ་ཁེབས་སྲུང་སྐྱོང་སྔོན་ལ་མིས་བཟོས་ཉམས་གསོ་དང་རང་བྱུང་ཉམས་གསོ་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་གོ་རིམ་ལྡན་པའི་སྔོ་ལྗང་འདེབས་འཛུགས་སྔར་བས་མངོན་འགྱུར་བྱུང་ཡོད།
ས་མཐོའི་ཉི་འོད་ཀྱི་ཚ་གདུང་ཁྲོད་ནས། ལས་བཟོ་པ་ཚོས་དཀའ་ལས་མང་པོ་བརྒྱབ་ནས་ལྗང་མདོག་གི་འགྲུལ་བཞུད་བྱེད་འགོ་བརྩམས་ཡོད། ཁོང་ཚོས་ད་ལྟ་བཏབ་པའི་སྡོང་ཕྲུག་ཆུང་ཆུང་དག་མ་འོངས་པར་སྐྱེ་སྟོབས་འབར་བའི་སྡོང་པོ་ཆེན་པོ་ཤ་སྟག་ལ་གྱུར་རྒྱུ་གཏན་འཁེལ་རེད། སྣེ་གདོང་ཆུས་སྐྱེ་ཁམས་སྲུང་སྐྱོང་དེ་ལྗང་མདོག་འཕེལ་རྒྱས་ཁྲོད་དུ་བཅུག་པ་དང་མི་དང་རང་བྱུང་ཁམས་ཕྱོགས་གཉིས་སུ་བསྐྱོད་པའི་ཐད་འབྱུང་འགྱུར་གྱི་སྣེ་གདོང་ཆུས་ནི་དཔལ་འབྱོར་དར་རྒྱས་དང་། སྐྱེ་ཁམས་མཛེས་པ། བསམ་པའི་དཔལ་ཡོན་ལྡན་པ། འཚོ་སྡོད་ལ་འཚམ་པའི་སྙན་ངག་གི་གནས་ཡུལ་ཞིག་ཏུ་གྱུར་ངེས་རེད།