ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

རྣམ་གླིང་རྫོང་དུ་སྨན་པ་བསྟེན་དཀའ་བའི་ལོ་རྒྱུས་མཇུག་རྫོགས་པ།

སྤེལ་དུས 2025-04-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

      ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བའི་ལོ་ཡིན་ལ། བོད་རང་སྐྱོང་ལྗོངས་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་ཡིན་པའི་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དུ། ཏང་ཀྲུང་དབྱང་དང་ཧྲན་ཏུང་ཞིང་ཆེན་ཝེ་ཧྥང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་འོག སྨན་བཅོས་འཕྲོད་བསྟེན་གྱི་བྱ་གཞག་ཐད་དུ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་སྟེ། རྫོང་དང་གྲོང་གསེབ་རིམ་པ་གསུམ་ལ་ཁྱབ་པའི་དེང་རབས་ཅན་གྱི་སྨན་བཅོས་ཞབས་ཞུའི་མ་ལག་ཅིག་བཙུགས་པས་མང་ཚོགས་ཀྱི་བདེ་ཐང་ཐོབ་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།  

རྣམ་གླིང་རྫོང་གི་ལྟེ་བའི་སྨན་ཁང་།   

       རྫོང་ཁོངས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་ཕྱིན་ཡོད།  

       སྔོན་ཆད་རྣམ་གླིང་རྫོང་གི་སྨན་བཅོས་ཆ་རྐྱེན་ཧ་ཅང་ཞན་པ་དང་། རྫོང་རིམ་པའི་སྨན་ཁང་གི་སྨན་བཅོས་སྒྲིག་ཆས་ཞན་པ། CTསོགས་སྨན་བཅོས་སྒྲིག་ཆས་རྩེ་གྲ་དཀོན་པ། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་བཅོས་རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས་མི་འདང་བ།  མང་ཚོགས་རྣམས་སྨན་པ་བསྟེན་དཀའ་བ་སོགས་ཀྱི་གནད་དོན་མངོན་གསལ་དུ་ཕྱིན་ཡོད།   

       ད་ཆ་རྣམ་གླིང་རྫོང་གི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། རྣམ་གླིང་རྫོང་ལྟེ་བའི་སྨན་ཁང་ལའང་འགྱུར་ལྡོག་ཤུགས་ཆེན་ཕྱིན་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རྒྱབ་ལྗོངས་ཆེན་པོའི་འོག སྨན་ཁང་གིས་སྔ་རྗེས་སུ་སྒོར་ཁྲི1920བཏང་ནས་རྫོང་རིམ་པའི་གཞུང་བཙུགས་སྨན་བཅོས་ལས་ཁུངས་ཀྱི་དྲོད་མཁོ་འདོན་གྱི་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་ཏེ། ནད་པར་དྲོ་སྐྱིད་དང་སྐྱིད་སྣང་དོད་པའི་སྨན་བཅོས་ཁོར་ཡུག་ཅིག་བསྐྲུན་པ་དང་། སྒོར་ཁྲི1100བཏང་ནས་རྫོང་ལྟེ་བའི་སྨན་ཁང་གི་འགོས་ནད་དང་སྨན་བཅོས་རོགས་སྐྱོར་ནུས་པ་འཛུགས་སྐྱོང་བྱས་ཏེ་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་བཏང་ཞིང་། མ་དངུལ་སྒོར་ཁྲི270བཏང་ནས་ཚད་ལྡན་ཅན་གྱི་བུ་བཙའ་ཁང་དང་དུག་སེལ་མཁོ་སྤྲོད་ཁང་སོགས་རིམ་སྤོར་སྒྱུར་བཀོད་བྱས་ཏེ། སྨན་ཁང་གི་ཞབས་ཞུའི་ནུས་པ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད།   

       ཉེ་བའི་ལོ་ཤས་ཀྱི་རིང་ལ། རིན་ཐང་སྒོར་ཁྲི1100ལྷག་ཙམ་གྱིCTའཕྲུལ་ཆས་དང་རྨ་ཁ་མེད་པའི་དབུགས་འབྱིན་རྔུབ་འཕྲུལ་ཆས་སོགས་སྔོན་ཐོན་སྒྲིག་ཆས་སྔ་རྗེས་སུ་རྣམ་གླིང་རྫོང་ལྟེ་བའི་སྨན་ཁང་དུ་སྤྱོད་འགོ་ཚུགས་པ་དང་། ཝེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བརྒྱད་པས་རིན་ཐང་སྒོར་ཁྲི230ཡི་གཟུགས་པོ་བརྟག་དཔྱད་རླངས་འཁོར་སྤྲད་པས། མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་འགྲམ་ནས་བདེ་འཇགས་སྟབས་བདེའི་གཟུགས་པོ་བརྟག་དཔྱད་ཞབས་ཞུ་ལོངས་སྤྱོད་ཐུབ་ནས་ནད་གཞི་སྔ་ཙམ་བརྟག་དཔྱད་ཐུབ་ཚད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། 

རྣམ་གླིང་རྫོང་ལྟེ་བའི་སྨན་ཁང་གི་སྨན་བཅོས་སྒྲིག་ཆས། 

    “གཞན་བརྟེན་དང་རང་བརྟེན་ཟུང་དུ་འབྲེལ”ནས་ས་གནས་དེ་གའི་སྨན་དོན་མི་སྣ་གསོ་སྐྱོང་བྱས་པ།   

       ལོ་མང་པོའི་རིང་ལ།  བོད་སྐྱོར་སྨན་བཅོས་རུ་མི་ཁག་ཐེངས་མང་པོས་ཐོག་མའི་བསམ་འདུན་མི་བརྗེད་པར་རྣམ་གླིང་དུ་གཞི་ཚུགས་པ་དང་།  ཡུལ་བབ་དང་བསྟུན་ཏེ“དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི”རྣམ་པ་འཚོལ་ཞིབ་ཀྱིས་ལག་རྩལ་སློབ་ཁྲིད་དང་ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་པ་རོགས་ཁྲིད་བྱས་ནས།  རྣམ་གླིང་རྫོང་གི་སྨན་བཅོས་འཕྲོད་བསྟེན་ནད་ཐོག་ཆེད་ལས་ཀྱི་ཆུ་ཚད་མཐོ་རུ་དང་དོ་དམ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་རྣམ་གླིང་རྫོང་གི་སྨན་བཅོས་བྱ་གཞག་ལ་གསོན་ཤུགས་གསར་པ་སྦྱིན་ཡོད།   

       བོད་སྐྱོར་ཆེད་མཁས་པས“དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི”ལམ་སྲོལ་བརྒྱུད། རྣམ་གླིང་རྫོང་ལྟེ་གནས་སྨན་ཁང་གི་སྨན་དོན་མི་སྣའི་ཆེད་ལས་རྩལ་ནུས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། མོ་ནད་ཚན་ཁག་གི་མངལ་སྣོད་གཤགས་ནས་ཕྲུ་གུ་བཙའ་བའི་གཤགས་བཅོས་བདེ་བླག་ངང་ཐུབ་པ།  འཇུ་བྱེད་ནང་ཤེལ་ལག་རྩལ་སོགས་ཁྱབ་ཁོངས་མང་པོར་འཕེལ་རིམ་གསར་པ་བྱུང་ནས།  “གཞན་བརྟེན་རྣམ་པའི”རོགས་སྐྱོར་ནས“རང་བརྟེན་རྣམ་པ”ཡི་བར་ལ་འཕེལ་རྒྱས་ཕྱིན་ཡོད།   

       རྣམ་གླིང་རྫོང་ལྟེ་བའི་སྨན་ཁང་གི་སྨན་བཅོས་ཁོའོ་ཡི་འགན་འཁུར་བ་ལྷག་པ་ཕན་ཐོགས་ཀྱིས།  ད་ཆ་ང་ཚོའི་སྨན་ཁང་གིས་ཞིབ་བཤེར་བརྟག་དཔྱད་རྣམ་གྲངས་སྣ་ཚོགས་དང་རིམ་པ་གསུམ་པ་དང་བཞི་པའི་གཤགས་བཅོས་རང་ཚུགས་ངང་ལེགས་སྒྲུབ་ཐུབ་ནས།  མང་ཚོགས་ཚོས་ཕན་ནུས་ཆེ་ཞིང་སྟབས་བདེ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་སྟེ། ནད་གཞི་ཆུང་གྲས་ཞང་ནས་སྨན་བཅོས་ཐུབ་པ་དང་ནད་གཞི་ཆེ་གྲས་རྫོང་ནས་སྨན་བཅོས་ཐུབ་པའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་ཡོད་ཅེས་བཤད། 

མང་ཚོགས་ཀྱིས་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ། 

       གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་དྲ་བ་བརྟན་པོ་བཙུགས་པ།   

       གྲོང་གསེབ་ཀྱི་རིམ་གཉིས་སྨན་བཅོས་ལས་ཁུངས་ཀྱི་སྨན་བཅོས་རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས་གསར་སྒྱུར་རིམ་སྤོར་བྱས་ཤིང་།  རྣམ་གླིང་རྫོང་གིས་སྔ་རྗེས་སུ་གྲོང་གསེབ་ཀྱི་རིམ་གཉིས་སྨན་བཅོས་སྒྲིག་གཞིར་སྙིང་གློག་ལྟ་སྐྱོང་ཡོ་བྱད་དང་།  སྦྲུམ་སྙིང་ལྟ་སྐྱོང་ཡོ་བྱད།  དུག་སེལ་ཡོ་བྱད།  སྙིང་པར་རྒྱག་ཆས།  སྨུག་ཕྱིའི་འོད་ཀྱི་དུག་སེལ་གློག་སྒྲོན་སོགས་སྨན་བཅོས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད།   

       རྣམ་གླིང་རྫོང་མཁར་རྩེ་ཞང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་པ་སངས་ལྷ་མོས“སྔོན་ཆད་གྲོང་མིར་ནད་གཞི་ཅུང་ཟད་ཕོག་ཀྱང་རྫོང་དུ་འགྲོ་དགོས་ཀྱི་ཡོད།  ད་ཆ་ང་ཚོའི་འཕྲོད་བསྟེན་ཁང་དུ་རྒྱུན་སྤྱོད་བརྟག་དཔྱད་སྒྲིག་ཆས་ཡོད་པར་མ་ཟད།  རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པའི་ལས་དོན་སྒྲུབ་སྟངས་འོག ད་ཆ་ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གིས་རྒྱུན་མཐོང་ནད་རིགས་མང་ཆེ་བ་སྨན་བཅོས་ཐུབ་ཀྱི་ཡོད་པས། མང་ཚོགས་ཀྱི་སྨན་བཅོས་དཀའ་བའི་སེམས་ཁྲལ་ཆུང་དུ་ཤུགས་ཆེན་བཏང་ཡོད”ཅེས་བཤད་པ་དང་།  ཁོང་གིས།  གྲོང་ཚོའི་འཕྲོད་བསྟེན་ཁང་དུ་ད་དུང་རྒྱུན་མཐོང་སྨན་བཅོས་སྒྲིག་ཆས་དང་སྨན་རྫས་སྒྲིག་སྦྱོར་བྱས་ཡོད་པས།  གྲོང་གསེབ་ཀྱི་སྨན་པའི་ནུས་པ་དེ་བས་ལེགས་པ་བཏོན་ཐུབ་སྟེ་གྲོང་མིའི་བདེ་ཐང་སྲུང་སྐྱོང་བྱེད་བཞིན་ཡོད་ཅེས་བཤད།   

       མཁར་རྩེ་ཞང་གི་གྲོང་མི་པད་མ་བསྟན་འཛིན་གྱིས།  སྔོན་ཆད་སྨན་པ་བསྟེན་པར་འགྲོ་སྐབས་ཞང་གི་འཕྲོད་བསྟེན་ཁང་དུ་སྨན་པ་ཉུང་ལ་སྨན་བཅོས་སྒྲིག་ཆས་ཀྱང་ཆ་ཚང་པོ་མེད་པ་སོགས་ཀྱི་རྐྱེན་པས།  རྫོང་ངམ་གྲོང་ཁྱེར་དུ་སྨན་བཅོས་བྱེད་པར་འགྲོ་དགོས་ཀྱི་ཡོད།  ད་ཆ་ཁྱིམ་གྱི་སྒོ་འགྲམ་ནས་སྨན་བཅོས་བྱེད་ཐུབ་ལ་སྨན་བཅོས་འགན་བཅོལ་ཡང་དུས་ཐོག་ཏུ་རྩིས་ཞུ་ཐུབ་ཀྱི་འདུག་ཅེས་བཤད།   

       སྨན་བཅོས་འཕྲོད་བསྟེན་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས།  རྣམ་གླིང་རྫོང་གིས་མི་དམངས་ཀྱི་བདེ་ཐང་འགན་ལེན་བྱེད་པའི་བགྲོད་ལམ་ཐོག་གོམ་པ་དེ་བས་བརྟན་པོ་སྤོས་ཏེ་འོད་སྟོང་འཕྲོ་བའི་ལེའུ་རྩོམ་ངེས་རེད།