བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་རྡལ་ཤོ་ཁ་གྲོང་ཚོའི་ས་ཆ་ཞིག་ཏུ་རྩ་ཆེའི་ཀོ་ཤ་འབོར་ཆེན་བཏབ་ཡོད། ས་ཆ་དེའི་ཐོག་འཚར་ལོངས་བྱུང་བའི་ཉི་མ་དམར་པོ་ཀོ་ཤ་རྟེན་གཞི་ནི་ཀོ་ཤ་སྐྱེ་འཚར་བྱེད་པའི་ས་རྒྱུ་ཡག་པོ་ཞིག་ཡིན་པར་མ་ཟད། ས་གནས་དེ་གའི་གྲོང་གསེབ་དར་རྒྱས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་ཡིན། ས་རྒོད་ཅིག་ནས་ད་ལྟའི་ལོ་ལེགས་བྱུང་བའི་ཡུལ་ལྗོངས་བར་གྱི་ཉི་མ་དམར་པོ་ཀོ་ཤ་རྟེན་གཞིའི་འཕེལ་རྒྱས་བརྒྱུད་རིམ་ནི་ལས་གཏོད་ཀྱི་ངོ་མཚར་ཞིག་ཡིན་ལ་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན།
ཉི་མ་དམར་པོ་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་རའི་དྲོད་ཁང་ནང་གི་ཀོ་ཤ།
ཉི་མ་དམར་པོ་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་ར་དེ2012ལོའི་ཟླ9པར་བཙུགས་ཤིང་། དེ་ནི“རྒྱལ་ཡོངས་དབུལ་སྐྱོར་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར”ཉི་མས་ཁྱིམ་ཚང་གི་ཁོངས་མི་གཙོ་བོར་བྱས་ནས་བཙུགས་པ་ཞིག་རེད། ཞིང་ར་ནི་སྨན་གླིང་གྲོང་ཁྱེར་སྨན་གླིང་གྲོང་རྡལ་ཤོ་ཁ་གྲོང་ཚོར་ཡོད་པ་དང་། དེ་གར་ས་བབ་འཚམ་པ་དང་གནམ་གཤིས་བཟང་ཞིང་། ཕུན་སུམ་ཚོགས་པའི་ནགས་ཚལ་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ཡག་པོ་ཡོད་པས། ཀོ་ཤ་འདེབས་འཛུགས་བྱེད་པའི་ས་ཆ་ཡག་པོ་ཞིག་ཡིན།
“ཀོ་ཤ་འདེབས་པ”ཡི་བསམ་ཚུལ་དེ་གློ་བུར་དུ་ཉི་མའི་སེམས་སུ་འཁོར་བ་ཞིག་མ་ཡིན་པར། དེའི་ཁྲོམ་རའི་གསལ་རྟོགས་ནུས་པའི་ཚོར་བ་སྐྱེན་པའི་རྐྱེན་གྱིས་རེད། ཐེངས་ཤིག་ཉི་མས་ཕྱི་རོལ་དུ་རྟོག་ཞིབ་བྱེད་སྐབས་སུ། ཁོས་ཀོ་ཤ་འདེབས་འཛུགས་རྣམ་གྲངས་མཐོང་སྐབས། ཁོང་གིས་མྱུར་དུ་སྨན་གླིང་གི་རི་ཁུལ་དུ་རང་བྱུང་གི་ཀོ་ཤ་སྐྱེས་ཡོད་པ་བསམ་བློ་སྐྱེས། འདིས་སྨན་གླིང་གི་ས་ཆུས་ཀོ་ཤ་གསོ་སྤེལ་བྱེད་པར་འཚམ་པ་གསལ་བཤད་བྱས་ཡོད། ཕ་ཡུལ་ལ་བརྩེ་བ་ཟབ་མོ་ཆགས་པ་དང་བསྟུན་ནས། ཉི་མས་དེ་གར་ཤ་དཀར་ཀོ་ཤ་འདེབས་འཛུགས་བྱས་ནས། ཡུལ་མི་ཚོའི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་པོར་འགྱུར་རྒྱུའི་ཐག་གིས་བཅད།
ཉི་མ་དམར་པོ་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་རའི་དྲོད་ཁང་དུ་མྱུ་གུ་འབུས་མ་ཐག་པའི་ཀོ་ཤ།
ལས་གཏོད་ཀྱི་ཐོག་མའི་དུས་སུ། ཉི་མར་འཕྲད་པའི་དཀའ་ངལ་མང་པོ་ཞིག་གིས་བོད་ལྗོངས་ཀྱི་ཕོ་རྒོད་འདི་སྡུག་ལ་གཏད་ཡོད་དེ། མ་དངུལ་གྱིས་མི་འདང་བ་དང་། ལག་རྩལ་དང་ཉམས་མྱོང་མི་འདང་བ་ཚང་མས། ཞིང་ར་འཕེལ་རྒྱས་གཏོང་བར་དཀའ་ངལ་ཆེན་པོ་བཟོས། འོན་ཀྱང་ཁོང་གིས་བློས་མ་བཏང་བར་སྲིད་གཞུང་གི་རྒྱབ་སྐྱོར་དང་སྤྱི་ཚོགས་ཀྱི་རོགས་རམ་བརྩོན་ལེན་བྱས་པ་དང་། དུས་མཚུངས་ཤེས་བྱ་གསར་པ་དང་ལག་རྩལ་གསར་པ་རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་ཏེ། ཞིང་རའི་འདེབས་འཛུགས་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱས། ལོ་ཁ་ཤས་ཀྱི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཉི་མ་དམར་པོ་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་ར་རིམ་བཞིན་ཡང་དག་པའི་ལམ་དུ་བསྐྱོད་དེ། ས་གནས་དེ་གའི་གྲགས་ཅན་ཤ་དཀར་ཀོ་ཤ་འདེབས་འཛུགས་རྟེན་གཞིར་གྱུར་ཡོད།
རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ཉི་མ་དམར་པོ་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་རར་རིམ་བཞིན་ཀོ་ཤ་དང་ར་མོ་ཤག་ཆེན་སོགས་བོད་ལྗོངས་ཀྱི་སྨན་རྫས་སོན་གསོ་དང་། འདེབས་འཛུགས། ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་འབྲེལ་ཐག་གྲུབ། ཞིང་རར་ད་ཆ་ཀོ་ཤའི་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞི་གཉིས་དང་དྲོད་ཁང190ཡོད་ཅིང་། ས་ཁྱོན་ལ་མུའུ300བཟུང་ཡོད་པས། ས་གནས་དེ་གའི་གཞི་ཁྱོན་ཆེ་ཤོས་ཀྱི་ཤ་དཀར་ཀོ་ཤ་འདེབས་འཛུགས་རྟེན་གཞིའི་གྲས་ཤིག་ཏུ་གྱུར་ཡོད།
ཉི་མ་དམར་པོ་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་རའི་དྲོད་ཁང་དུ་སྐམ་པའི་ར་མོ་ཤག་ཆེན།
འདེབས་འཛུགས་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ཞིང་རས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་འདེབས་འཛུགས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཤིང་། རི་སྐྱེས་འདེབས་འཛུགས་ལག་རྩལ་ལ་ལད་མོ་བྱས་ཏེ། ཀོ་ཤའི་སྤུས་ཚད་དང་སྨན་ནུས་འགན་ལེན་བྱེད་བཞིན་ཡོད། དེ་དང་ཆབས་ཅིག ཞིང་རས་ད་དུང་སོན་རིགས་གསར་པ་དང་ལག་རྩལ་གསར་པ་ཧུར་ཐག་ནང་འདྲེན་བྱས་ཏེ། ཀོ་ཤའི་ཐོན་ཚད་དང་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། ཕྱིར་ཚོང་ཐད་ཞིང་རར་མཉམ་ལས་ཁང་དང་། ཁེ་ལས། སྒེར་གྱི་ཞིང་དུད་བཅས་མང་པོ་དང་བརྟན་ལྷིང་གི་མཉམ་ལས་འབྲེལ་བ་བཙུགས་ནས། ཀོ་ཤའི་ཐོན་རྫས་རྒྱལ་ཡོངས་ས་གནས་ཁག་ལ་ཕྱིར་ཚོང་བྱས་པས་ཁྲོམ་རའི་རྒྱ་ཁྱབ་ཀྱི་ཁས་ལེན་དང་གདེང་འཇོག་བཟང་པོ་ཐོབ་ཡོད།
ཉི་མ་དམར་པོའི་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་རར་ལས་གཏོད་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་བརྗེད་མེད་པ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་ལག་བསྟར་བྱེད་ཀྱི་ཡོད། ཞིང་རས“ཁྱིམ་ཚང་ཞིང་ར། འདེབས་འཛུགས་རྟེན་གཞི། ཞིང་དུད་བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་སྤྱད་དེ་གཅིག་གྱུར་ངང་ཀོ་ཤའི་ཁུག་མ་མཁོ་འདོན་དང་། གཅིག་གྱུར་གསོ་སྦྱོང་བྱེད་པ། གཅིག་གྱུར་ལག་རྩལ་མཛུབ་ཁྲིད་བྱེད་པ། གཅིག་གྱུར་ཕྱིར་བསྡུ་བཅས་བྱས་ཏེ། མཐའ་འཁོར་གྲོང་མིའི་སྣེ་ཁྲིད་དེ་ཁྱད་ཆོས་ལྡན་པའི་ཀོ་ཤ་ཐོན་ལས་འཕེལ་རྒྱས་གཏོང་གི་ཡོད། རྣམ་པ་འདིས་གྲོང་མིའི་ལག་རྩལ་གྱི་དཀའ་གནད་དང་ཕྱིར་ཚོང་གི་སེམས་ཁྲལ་ཐག་གཅོད་བྱས་པར་མ་ཟད། ད་དུང་ས་གནས་དེ་གའི་གྲོང་མིར་ཡོང་འབབ་འཕར་སྣོན་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས།
ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་ནས་བཟུང་། ཞིང་ར་དེ་ས་གནས་དེ་གའི་དུད་ཚང་དབུལ་པོའི་དུད་ཚང21དང་དབུལ་ཐར་ཕྱུག་འགྱུར་རོགས་རམ་གྱི་འབྲེལ་བར་འཕེལ་རྒྱས་ཕྱིན་པ་དང་། རིམ་རྩིས་རོགས་སྐྱོར་མ་དངུལ་སྒོར་ཁྲི36.35ཟིན་ཡོད། དེ་དང་ཆབས་ཅིག ཞིང་རར་ད་དུང་ཉེ་འགྲམ་གྱི་མང་ཚོགས140ལྷག་ཙམ་ལས་ཞུགས་བསྡུ་ལེན་བྱས་ནས། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་བཏང་། ཞིང་རའི་སྣེ་ཁྲིད་འོག གྲོང་མི་དེ་བས་མང་བ་ཞིག་གིས་ཤ་དཀར་ཀོ་ཤ་འདེབས་འཛུགས་བྱེད་འགོ་བཙུགས་ནས། གཞི་ཁྱོན་ཆེ་བའི་ཐོན་ལས་ཀྱི་ཕན་འབྲས་ཆགས།
ཉི་མ་དམར་པོ་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་རའི་དྲོད་ཁང་ཆེན་པོའི་ནང་གཞི་ཁྱོན་ཅན་དུ་སྐམ་པའི་ཀོ་ཤ།
ཉི་མ་དམར་པོ་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་ར་ད་དུང་གྲོང་གསེབ་དར་རྒྱས་ལས་དོན་ནང་ཧུར་ཐག་ཞུགས་ནས། ཞལ་འདེབས་བརྒྱབ་ནས་སློབ་སྐྱོར་དང་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུ་སོགས་ཀྱི་བྱ་ཐབས་བརྒྱུད་དེ། ས་གནས་དེ་གའི་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། ཞིང་རའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་གིས་ཐོན་ལས་ཞན་པའི་ས་ཁུལ་གཞན་དག་གི་ཐོན་ལས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་དཔྱད་གཞི་དང་བློ་སྒོ་ཕྱེ་ཡོད།
འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ། ཉི་མ་དམར་པོ་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་རར་སྐྱེ་ཁམས་འདེབས་འཛུགས་ཀྱི་འདུ་ཤེས་མུ་མཐུད་རྒྱུན་འཛིན་བྱས་ཏེ། འདེབས་འཛུགས་ལག་རྩལ་དང་དོ་དམ་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས། ཀོ་ཤའི་ཐོན་ཚད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། དེ་དང་ཆབས་ཅིག ཞིང་རས་ད་དུང་ཕྱིར་ཚོང་ཐབས་ལམ་དང་ཁྲོམ་རའི་བར་མཐོངས་སྔར་བས་རྒྱ་སྐྱེད་དེ། ཀོ་ཤའི་ཐོན་རྫས་འདི་ཉིད་སྔར་ལས་ཀྱང་གཞི་རྒྱ་ཆེ་བའི་ཁྲོམ་རར་གཏོང་རྒྱུ་རེད།