ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཉང་བྲན་ལུང་ཤུར་དཔྱིད་ཀྱི་སྤྲོ་བས་ཁེངས།

སྤེལ་དུས 2025-04-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

        ཉེ་དུས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རིག་གནས་དང་ཡུལ་སྐོར་ཅུད་ཀྱིས་གཙོ་གཉེར་བྱས་པའི་དཔྱིད་རིར་འཛེགས་ཞེས་པའི་བྱེད་སྒོ་དེ་ལྷ་སའི་ཉང་བྲན་ལུང་ཤུར་དུ་གཉེར། བྱེད་སྒོའི་ཐོག་སྙན་པའི་དབྱངས་ཀྱིས་དཔྱིད་དཔལ་གཉིད་ལས་སད་ཅེས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་དཔྱིད་ཀྱི་གསོས་སུ་སྨིན་ཞེས་པ། དཔྱིད་དང་འགྲོགས་ནས་སྣོད་བཅུད་ཉམས་སུ་མྱོང་ཞེས་པའི་བརྗོད་དོན་གཙོ་བོ་གསུམ་མཉམ་འདྲེས་ཀྱིས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་ཚོར་དཔྱིད་དཔལ་གྱི་སྤྲོ་སྣང་ཉམས་སུ་མྱོང་དུ་བཅུག་ཡོད། 

        བྱེད་སྒོའི་ཐོག་སྙན་པའི་དབྱངས་ཀྱིས་དཔྱིད་དཔལ་གཉིད་ལས་སད་ཅེས་པའི་རོལ་དབྱངས་འདུ་ཚོགས་ཐོག་དམངས་ཁྲོད་ཀྱི་གཡུག་འདེམ་རོལ་དབྱངས་དང་། ནང་མ་སྟོད་གཞས་དེ་བཞིན་ལོང་བའི་རོལ་ཚོགས་བཅས་ཀྱི་ངོ་ཚར་ཆེ་བའི་འཁྲབ་སྟོན་གྱིས་ཉང་བྲན་ལུང་ཤུར་གྱི་རི་ཀླུང་ཀུན་ཏུ་སྙན་པའི་དབྱངས་དང་འཇེབས་པའི་གླུ་སྒྲས་ཁེངས་པར་བྱས་ལ། ལྷག་པར་དུ་གཞོན་སྐྱེས་གཞས་མ་ཕུན་ཚོགས་ཆོས་སྒྲོན་གྱི་དཔྱིད་ཀྱི་དྲན་གླུ་ཞེས་པའི་རོལ་དབྱངས་འདུ་ཚོགས་ཐོག ཁོང་དང་ཀརྨ་བཀྲི་ཤིས་ཆོས་འབྱོར་གཉིས་ཀྱི་གླུ་གཞས་ཀྱིས་གཟིགས་མོ་བ་ཚོར་རྣ་བའི་གསོས་སུ་སྨིན་པའི་གླུ་དབྱངས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། 

        གཞོན་སྐྱེས་གཞས་མ་ཕུན་ཚོགས་ཆོས་སྒྲོན་གྱིས་གསར་འགོད་པར། དཔྱིད་རི་འཛེགས་ཞེས་པའི་བྱེད་སྒོའི་གོ་སྐབས་འདི་དང་བསྟུན་ནས་གཟིགས་མོ་ཚོར་ས་གནས་ས་ཐོག་ཏུ་རང་ཉིད་ནས་གླུ་གཞས་འབུལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་བརྗོད།  

        གཞན་ཡང་མངོན་མིན་རིག་གནས་ཤུལ་བཞག་དཔྱིད་ཀྱི་གསོས་སུ་སྨིན་ཞེས་པ་དང་། དཔྱིད་དང་འགྲོགས་ནས་སྣོད་བཅུད་ཉམས་སུ་མྱོང་ཞེས་པའི་བརྗོད་དོན་བྱེད་སྒོས་ཀྱང་གྲོང་མི་དང་ཡུལ་སྐོར་བ་ཚོར་ས་གནས་ས་ཐོག་ཏུ་མངོན་མིན་རིག་གནས་ཤུལ་བཞག་དང་ཞིམ་ཟས་ཉམས་སུ་མྱོང་བའི་སྤྲོ་སྣང་སྦྱིན་ཡོད། མདོར་ན། རྣ་ཤེས་ནས་མིག་ཤེས་དང་། ལྕེ་རྩེ་ནས་མཛུབ་རྩེའི་བར་བྱེད་སྒོའི་ཕྱོགས་གང་ས་ཅི་ཐད་ནས་དཔྱིད་དུས་ཀྱི་དགྱེས་སྟོན་ཆེན་པོའི་ཁྱད་ཆོས་ལྷག་ཏུ་མངོན་པར་བྱས་ཡོད། 

 

རྩོམ་སྒྲིག་པ། མང་ག་མཚོ།