བོད་ལྗོངས་འདི་ཉིད་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་ནང་མཉམ་འདྲེས་ཡོང་བར་བྱས་པ།
སྤེལ་དུས 2025-05-12
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཉེ་ཆར། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། འདི་ལོ་ནས་བཟུང་། བོད་ལྗོངས་ཀྱིས“ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་རྒྱུར་ཕྱོགས་པའི་བགྲོད་ལམ་གལ་ཆེན”གྱི་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ལས་སྟེགས་འཛུགས་གཏོད་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་ཟོག་འགྲེམས་དྲ་རྒྱ་རྒྱ་ཆེར་གཏོང་བ། ཐོན་ལས་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་ནང་གང་མགྱོགས་མཉམ་འདྲེས་ཡོང་བར་བྱས་ཏེ་ཕྱི་ཕྱོགས་རྣམ་པའི་འཕེལ་རྒྱས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཞིང་། འདི་ལོའི་དུས་ཚིགས་དང་པོར། ལྗོངས་ཡོངས་ཀྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་23.08ཟིན་པ་དེ་དུས་མཚུངས་ལས་5.9%འཕར་བའི་ནང་། ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་19.5ཟིན་པ་དེ་གཞི་རྩའི་ཆ་ནས་སྙོམས་པོ་ཡོད་པ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་3.58ཟིན་པ་དེ་དུས་མཚུངས་ལས་56.7%འཕར་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་འཕེལ་རྒྱས་སྟོན་གྲངས་བརྟག་དཔྱད་བྱས་འབྲས་ལས་མངོན་པར་གཞིགས་ན། བོད་ལྗོངས་ཀྱི་ལྕགས་ལམ་དང་། མྱུར་བགྲོད་གཞུང་ལམ། རིམ་པ་དང་པོའི་གཞུང་ལམ་བཅས་ཀྱི་སྤྱིའི་ལམ་ཐག་ལོ་རེ་བཞིན་ལྡབ་འཕར་གྱི་འཕེལ་ཚུལ་མངོན་ཡོད། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་རྒྱལ་སྤྱིའི་མཁའ་ལམ་དྲ་བ་གང་མགྱོགས་རྒྱ་བསྐྱེད་དེ་ན་ནིང་གི་ལོ་མཇུག་ཏུ་སིང་ཀ་ཕོར་འཕུར་བའི་མཁའ་ལམ་ཐོག་མར་ཤར་གཏོང་ཐུབ་རྗེས། འདི་ལོའི་ཟླ་གསུམ་པའི་ཟླ་མཇུག་ཏུ། ལྷ་ས་ནས་ནེ་པ་ལའི་པོ་ཁེ་ལ་བར་གྱི་ཐད་འཕུར་མཁའ་ལམ་ཐོག་མར་བཏོད་པ་དང་། འདི་ལོར་ཨེ་ཤེ་ཡ་ལྷོ་མར་སྐྱོད་པའི་དུས་གཏན་མེ་འཁོར་ཐོག་མ་ཀྲེང་ཀྲོའུ་ནས་རྡོག་ཐོན་གྱིས་ནུས་རྒྱུ་གསར་པའི་རླངས་འཁོར་150བླུགས་ནས་གཞིས་རྩེའི་ཕྱིར་གཏོང་དངོས་ཟོག་ལྟ་བཤེར་ཁུལ་དུ་སྒོ་ཁྲལ་སྙན་ཞུ་བརྒྱབ་ནས་ནེ་པ་ལར་བཏང་ཡོད། ཟླ་བཞི་པའི་ཟླ་སྟོད་དུ། ལྷ་ས་གོང་དཀར་རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་ལས་སྒོ་ཁྱོན་ཡོངས་ནས་འགོ་བརྩམས་ཏེ། ཨེ་ཤེ་ཡ་ཤར་ལྷོ་དང་ཨེ་ཤེ་ཡ་ལྷོ་མར་ཁྱབ་འགྱེད་ཐུབ་པའི་མཁའ་ཐོག་སྐྱེལ་འདྲེན་གྱི་ཟོག་འགྲེམས་དྲ་བ་ཞིག་ཆགས་ཡོད།
ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པར་བརྟེན་ནས་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་གང་མགྱོགས་ཕྱི་རྒྱལ་དུ་གཏོང་ཐུབ་ཡོད། མིག་སྔར་ཨེ་ཤེ་ཡ་ལྷོ་མའི་བོད་ཀྱི་བགྲོད་ལམ་ནས་ཕྱིར་བཏང་བའི་དངོས་ཟོག་སྣ་ཁ་2000ལྷག་ཙམ་ཟིན་ཞིང་། དེའི་ནང་རླངས་འཁོར་དང་། འཕྲིན་གཏོང་སྒྲིག་ཆས། ཤིང་འབྲས་དང་སྔོ་ཚལ་སོགས་ཚུད་ཡོད། ས་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་ལའང་ཚད་བརྒལ་བྱུང་ནས་ས་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། ལྷ་ས་ཁོ་ནར་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་ལ་དུས་ཚིགས་དང་པོར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་7ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་42.9%འཕར་ཡོད། གཞན་ཡང་། རིག་གནས་དང་ཡུལ་སྐོར་ཐོན་ལས་དང་བགྲོད་ལམ་འཛུགས་སྐྲུན་མཉམ་དུ་འཕེལ་རྒྱས་བྱུང་ཡོད། 2024ལོར་བོད་ཀྱིས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་32.04ལ་སྣེ་ལེན་ཞུས་ནས་188.2%འཕར་བ་དང་། ཡུལ་སྐོར་གྱི་ཕྱི་དངུལ་ཡོང་འབབ་ཨ་སྒོར་ཁྲི་15085བྱུང་སྟེ་143.7%འཕར་ཡོད། 2025ལོའི་ཟླ་དང་པོ་ནས་གསུམ་པ་བར། རང་ལྗོངས་ཀྱིས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་20907ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་25.9%འཕར་བ་དང་། རྒྱལ་སྤྱིའི་ཡུལ་སྐོར་ཡོང་འབབ་ཨ་སྒོར་ཁྲི་960ཟིན་པ་དེ་དུས་མཚུངས་ལས་20.8%འཕར་ཡོད།
བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་མཐའ་མཚམས་ཉོ་ཚོང་ཟོག་འགྲེམས་ཆེད་དོན་ཚོགས་ཆུང་གཞུང་ལས་ཁང་གི་འགན་འཁུར་བས། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས《ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་སྤྱིའི་འཆར་འགོད》དང་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེན་པོའི་སྲིད་ཇུས་དོན་འཁྱོལ་བྱས་པ་དེས། ཟོག་འགྲེམས་ལས་རིགས་འཕེལ་རྒྱས་འགྲོ་བར་ཕན་ནུས་ཆེན་པོ་ཐོན་ཏེ་ཟོག་འགྲེམས་ཀྱི་རྨང་གཞིའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་དེང་རབས་ཀྱི་ཚོང་དོན་འཁོར་རྒྱུག་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་སྟེ། རྒྱལ་ཁབ་རིམ་པའི་ལྷ་ས་ཟོག་འགྲེམས་ལྟེ་གནས་དང་། སྐྱིད་རོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ། ལྷ་ས་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་སོགས་འཛུགས་སྐྲུན་ལ་ཚད་བརྒལ་ཆེན་པོ་བྱུང་བ་དང་མཐའ་མཚམས་འགག་སྒོའི་སྒྲིག་ཆས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཏེ་རང་ལྗོངས་ཀྱི་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེལ་ཕུལ་ཡོད་ཅེས་ངོ་སྤྲོད་བྱས།