ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

སྐུ་ཉིད་བོད་ལྗོངས་རྟེན་མཛོད་ཁང་དུ་ཕེབས་དང་།

སྤེལ་དུས 2025-05-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
      ཡུལ་སྐོར་གྱི་ཚ་རླབས་འཕྱུར་པའི་དུས་ཚིགས་སུ་བསླེབས་པ་དང་བསྟུན་ནས།  བོད་ལྗོངས་རྟེན་མཛོད་ཁང་ནི་ཡུལ་སྐོར་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཅིང་།  ཉིན་ལྟར་ཡུལ་སྐོར་བ་མང་པོ་ལྟ་སྐོར་དུ་ཡོང་ནས་བོད་ལྗོངས་ཀྱི་རིག་གནས་རོལ་མྱོང་བྱེད་ཀྱིན་ཡོད། 
      བོད་ལྗོངས་རྟེན་མཛོད་ཁང་ནི་བོད་ལྗོངས་ཀྱི་ཉར་ཚགས་དང་།  འགྲེམས་སྟོན་དང་།  ཞིབ་འཇུག་དང་། སློབ་གསོ་དང་།  ཞབས་ཞུ་སོགས་བྱེད་ནུས་ཁག་གཞི་གཅིག་ཏུ་འདུས་པའི་རྒྱལ་ཁབ་རིམ་པ་དང་པོའི་དེང་རབས་ཅན་གྱི་ཕྱོགས་བསྡུས་རྟེན་རྫས་བཤམས་མཛོད་ཁང་ཞིག་ཡིན་པའི་ཆ་ནས།  1999ལོའི་ཟླ10པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ50འཁོར་བ་དང་བོད་ལྗོངས་ལ་དམངས་གཙོའི་བསྒྱུར་བཅོས་བྱས་ནས་ལོ40འཁོར་བའི་སྐབས་སུ་སྒོ་ཕྱེ་ནས་ལེགས་གྲུབ་བྱུང་བ་དང་།  ཉར་ཚགས་དངོས་རྫས་ཕུན་སུམ་ཚོགས་པོ་དང་ངོ་མཚར་ཆེ་བའི་འགྲེམས་སྟོན་ཡོད།  དེར་ཉར་ཚགས་དངོས་རྫས་བསྡོམས་པས་ཁྲི52ལྷག་ཡོད་ཅིང་།  འཇིམ་བརྙན་དང་།  ཐང་ག་དང་།  ཡིག་རྙིང་དང་།  དཀར་ཆས་དང་གཡང་ཊིའི་ཡོ་ཆས།  མཆོད་ཆས་སོགས་རིག་དངོས་རྩ་ཆེན་ཁྲི4(ཆ་ཚང་)ལྷག་ཡོད། 
བོད་ལྗོངས་རྟེན་མཛོད་ཁང་། 
      ཟླ5པའི་ཚེས13ཉིན།  གསར་འགོད་པས་བོད་ལྗོངས་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་སྐབས་སུ་དེ་གར་ཡུལ་སྐོར་བ་མང་པོ་མཐོང་བྱུང་།  འགྲེམས་སྟོན་ཁང་དུ་ཡུལ་སྐོར་བ་ཚོས་སྤུས་ལེགས་ཐང་ག་དག་ལ་ལྟ་བཞིན་དུ་དེའི་ཞིབ་ཚགས་ལྡན་པའི་སྨྱུག་རིས་དང་མཛེས་ཉམས་དོད་པའི་ཚོན་མདངས་ལ་མྱོང་རོལ་བྱེད་བཞིན་ཡོད་པ་དང་།  ཐང་གར་འཁོད་པའི་ཆོས་ལུགས་དང་སྒྱུ་རྩལ་གྱི་ནང་དོན་ལ་རྒྱུས་ལོན་བྱེད་པའམ།  ཡང་ན་འགྲེལ་བཤད་པའི་མཐའ་རུ་བསྐོར་ནས་རིག་དངོས་རྒྱབ་ལྗོངས་ཀྱི་གཏམ་རྒྱུད་ལ་ནན་ཏན་སྒོས་ཉན་བཞིན་འདུག དཔེར་ན་ཁ་རུབ་གནའ་ཤུལ་ནས་ཐོན་པའི་རྫ་མ་ལྟོ་གཉིས་མ་དེ་ཚོད་དཔག་བྱས་ན་མཆོད་འབུལ་གྱི་ཡོ་བྱད་ཅིག་ཡིན་པར་སྣང་ཞིང་།  འགྲེལ་བཤད་པའི་གསལ་བཤད་ཁྲོད་དུ།  ཡུལ་སྐོར་བ་དག་གིས་ཡུལ་དུས་ཀྱི་བར་སྟོང་བརྟོལ་ནས།  ལོ་ངོ་སྟོང་གི་ཡར་སྔོན་གྱི་མཆོད་འབུལ་གྱི་སྣང་བརྙན་བློས་བསླངས་བྱས།  དམངས་སྲོལ་རིག་གནས་འགྲེམས་སྟོན་ཁུལ་དུ་ཡུལ་སྐོར་བ་ཚོས་མི་རིགས་ཀྱི་གྱོན་ཆས་དང་སྲོལ་རྒྱུན་བཟོ་སྐྲུན་དཔེ་དབྱིབས་སོགས་ལ་མཚར་སྣང་དང་བཅས་ཞིབ་ལྟ་བྱས།  དེ་རུ་དངོས་རྫས་འགྲེམས་སྟོན་དང་ལྗོངས་རྣམ་བསྐྱར་མངོན་སོགས་ཀྱི་འགྲེམས་ཐབས་བརྒྱུད་ནས།  བོད་ལྗོངས་ཀྱི་དམངས་སྲོལ་རིག་གནས་ཀུན་ལ་མངོན། 
ཡུལ་སྐོར་བ་ཚོས་ནང་བསྟན་སྒྱུ་རྩལ་གྱི་འབྲེལ་ཡོད་འགྲེམས་སྟོན་ལ་ཞིབ་ཏུ་ལྟ་བ།
      སི་ཁྲོན་ནས་ཡོང་བའི་ལྕམ་ཝང་ལགས་ཀྱིས་དགའ་སྤྲོའི་ངང་བཤད་དོན།  “ང་རང་བོད་ལྗོངས་ཀྱི་རིག་གནས་ལ་དགའ་མོས་ཆེན་པོ་ཡོད།  ད་ཐེངས་བོད་ལྗོངས་རྟེན་མཛོད་ཁང་དུ་ཡོང་ནས་བལྟས་པས་དངོས་གནས་ཡིད་དབང་རབ་ཏུ་འཕྲོག་བྱུང་།  འདིར་ཡོད་པའི་རིག་དངོས་རེ་རེ་ལས་ལོ་རྒྱུས་རེ་རེ་མཚོན་གྱི་ཡོད་པ་འདྲ།  ངས་རིག་དངོས་དེ་དག་བརྒྱུད་ནས་བོད་ལྗོངས་ཀྱི་ལོ་རྒྱུས་དང་རིག་གནས་ལ་ངོས་འཛིན་གཏིང་ཟབ་བྱུང་བས། ཐེངས་འདིའི་འགྲུལ་བཞུད་ལ་རིན་ཐང་ཆེན་པོ་འདུག”ཅེས་བཤད།  ཧོ་ནན་ནས་ཡོང་བའི་སྐུ་ཞབས་ཀྲང་གིས་འགྲེམས་ཁང་དུ་འགྲེམས་སྟོན་བྱས་པའི་བོད་ལྗོངས་ཀྱི་སྲོལ་རྒྱུན་ཐུག་ཕྱེ་འཕྲུལ་འཁོར་གྱི་མདུན་དུ་ལངས་ནས་རང་གི་རོགས་པར།  “ཐུག་ཕྱེ་འཕྲུལ་འཁོར་དེ་ང་ཚོའི་ཐུག་ཐག་འཕྲུལ་ཆས་དང་ཁྱད་པར་ཆེན་པོ་མི་འདུག  ང་ཚོའི་མི་རིགས་ཁག་དབར་གྱི་རིག་གནས་ནི་དོན་དངོས་ཐོག་ཕན་ཚུན་མཉམ་འདྲེས་ཡིན་པ་དང་།  ཀྲུང་ཧྭའི་རིག་གནས་ནི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་རེད་འདུག”ཅེས་བཤད།  ཡུལ་སྐོར་བ་མང་པོ་ཞིག་ནི་ལྕམ་ཝང་ལགས་དང་སྐུ་ཞབས་ཀྲང་ལགས་དང་འདྲ་བར།  བོད་ལྗོངས་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་པའི་འདུན་པ་དྲག་པོ་ཡོད་པ་དང་།  བོད་ལྗོངས་རྟེན་མཛོད་ཁང་དུ་ཕུན་སུམ་ཚོགས་ཤིང་དོན་སྙིང་ལྡན་པའི་དུས་ཚོད་སྤྱད་ནས།  རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་ལྗོངས་ཀྱི་རིག་གནས་མྱོང་ཚོར་གཏིང་ཟབ་བྱས།
བོད་ལྗོངས་རྟེན་མཛོད་ཁང་གི་ཡུལ་སྐོར་བ་ཚོས་འགྲེམས་སྟོན་བྱས་པའི་རིག་དངོས་དག་པར་དུ་རྒྱག་པ།
      ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བའི་ལོ་ཡིན་ལ།  རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་ས་གནས་ཁག་གི་ཡུལ་སྐོར་བ་དག་བུང་བ་མེ་ཏོག་ལ་འཁོར་བ་ཇི་བཞིན་བོད་ལྗོངས་སུ་ལྟ་སྐོར་དང་ཡུལ་སྐོར་བྱེད་པར་ཡོང་བཞིན་ཡོད།  ཇི་ལྟར་བྱས་ནས་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ60འཁོར་ཚུན་གྱི་འཕེལ་རྒྱས་གྲུབ་འབྲས་དག་ཇི་མ་ཇི་བཞིན་ཀུན་གྱི་སྤྱན་ལམ་ཏུ་བསྟར་རམ་ཞེ་ན།  རྟེན་རྫས་བཤམས་མཛོད་ཁང་ནི་གདམ་ག་ཡག་པོ་ཞིག་རེད།  ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་དག་བོད་ལྗོངས་རྟེན་མཛོད་ཁང་དུ་ཡུལ་སྐོར་ལ་ཡོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ལ།  བོད་ལྗོངས་རྟེན་མཛོད་ཁང་གིས“ས་མཐོའི་གྲོང་ཁྱེར་གྱི་མགྲོན་གཏུག་ཁང་གི”ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱས་ཏེ།  ཡུལ་སྐོར་བ་དེ་བས་མང་པོས་དེ་ག་བརྒྱུད་ནས་བོད་ལྗོངས་ཀྱི་རིག་གནས་ལ་རྒྱུས་ལོན་ཟབ་མོ་དང་།  བོད་ལྗོངས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་རྒྱུས་ལོན་བྱ་རྒྱུར་རེ་སྒུག་བྱེད་བཞིན་ཡོད།