ཟླ6པའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས《དམངས་འཚོ་སྔར་བས་འགན་སྲུང་དང་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱ་རྒྱུའི་སྐོར་གྱི་བསམ་འཆར》ལ་གསལ་འགྲེལ་བྱས།
ནོར་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་འདི་ལོ་ནོར་སྲིད་ཀྱིས་དམངས་འཚོའི་ཁྱབ་ཁོངས་སུ་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་བས། རྒྱལ་ཡོངས་ཀྱི་སློབ་གསོའི་གཏོང་སྒོ་དང་། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོའི་སྔོན་རྩིས་བཀོད་སྒྲིག་ཚང་མ་སྒོར་དུང་ཕྱུར་ཁྲི4.5ཙམ་ཟིན་ནས་ཁག་སོ་སོར6.1%དང5.9%འཕར་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ཅེས་བཤད།
ནོར་སྲིད་ཀྱིས་ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། ཀྲུང་དབྱང་ནོར་སྲིད་ཀྱིས་ལས་ཞུགས་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར667.4བཀོད་སྒྲིག་བྱས་ནས། ས་གནས་ཀྱིས་ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཐེངས་གཅིག་རང་གི་ལས་གནས་མང་གཏོང་ལ་ཁ་གསབ་སྤྲོད་པའི་སྲིད་ཇུས་ལག་ལེན་བསྟར་བ་དང་། རྩལ་ནུས་མཐོར་གཏོང་གི་ཁ་གསབ་རེ་ཞུའི་ཆ་རྐྱེན་མུ་མཐུད་ཉུང་དུ་བཏང་སྟེ་སྤུས་ཚད་མཐོ་བའི་སྒོ་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།
གཞི་རྩའི་རྒན་གསོའི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། རྒྱལ་ཁབ་ནོར་སྲིད་ཀྱིས་འགན་འཁུར་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒྱལ་ཡོངས་ཀྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཟླ་རེའི་ཚད་གཞི་དམའ་ཤོས་སླར་ཡང་སྒོར20སྤོར་རྒྱུ་དང་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་ཡང་འོས་འཚམ་སྤོར་རྒྱུ། འདི་ལོ་ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་སྤྲོད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་དུས་མཚུངས་རྒན་གསོའི་འགན་བཅོལ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྤྱི་འདོམས་ལེགས་སྒྲིག་བྱ་རྒྱུ་ཡིན་པས་རྒན་རྒོན་དུང་ཕྱུར3ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་ཡིན།
གཞི་རྩའི་སྨན་བཅོས་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་སྔར་བས་མཐོ་རུ་བཏང་ནས་མི་རེར་ལོ་རེར་སྒོར99ཟིན་པ་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་སླར་ཡང་སྒོར30སྤར་ནས་མི་རེར་ལོ་རེར་སྒོར700ཟིན་པ་བྱ་རྒྱུ་རེད།
སློབ་གསོའི་ཐོན་ཁུངས་ཀྱི་སྤུས་ལེགས་མང་གཏོང་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། ཀྲུང་དབྱང་ནོར་སྲིད་ཀྱིས་སློབ་མར་རོགས་སྐྱོར་ཁ་གསབ་ཀྱི་གྲོན་དངུལ་སྒོར་དུང་ཕྱུར809.45བཏང་ནས་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་སློབ་ཞུགས་རོགས་དངུལ་གྱི་རོགས་སྐྱོར་ཚད་གཞི་སྔར་བས་མཐོ་རུ་གཏོང་རྒྱུ་དང་སྲིད་ཇུས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ། སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོ་རིམ་བཞིན་ཁྱབ་གདལ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་རེད།
དཀའ་ངལ་ཡོད་པའི་མང་ཚོགས་ལ་གཞི་རྩའི་འཚོ་བའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། ཀྲུང་དབྱང་ནོར་སྲིད་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1566.8གཏོང་རྒྱུ་ཡིན།
རྩོམ་སྒྲིག་པ། རིག་གྲོལ།