ཀྲུང་གོའི་བོད་དྲ་བའི་འཕྲིན། ཟླ6པའི་ཚེས10ཉིན། བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས་དང་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་མཉམ་དུ་གཙོ་གཉེར་དང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་སྒྲུབ་འགན་འཁུར་བའི《“གངས་ཅན་རིག་མཛོད”དཔེ་ཚོགས་པོད་བརྒྱ་ཕྱོགས་བསྒྲིགས》ཀྱི་དཔེ་ཕུད་འགྲེམས་སྤེལ་དང་ལེགས་འབུལ་མཛད་སྒོ་ལྷ་སར་གཟབ་རྒྱས་ངང་འཚོགས།
མཛད་སྒོའི་ཡུལ་དངོས།
བོད་ཡིག་དཔེ་རྙིང་ནི་བོད་ལྗོངས་རིག་གནས་ཀྱི་མཆོག་ནོར་ཞིག་ཡིན་ཞིང་། དེར་ལོ་ངོ་སྟོང་གི་ལོ་རྒྱུས་ཀྱི་དྲན་ཤེས་དང་། བློ་གྲོས་ཀྱི་ཉིང་བཅུད། མི་རིགས་ཀྱི་སྙིང་སྟོབས་བཅས་འདུས་ཡོད་པས། ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་བང་མཛོད་ཆེན་པོའི་ཁྲོད་དུ་བཀྲག་མདངས་འཚེར་བཞིན་ཡོད། ད་ཐེངས་བཏོན་པའི《“གངས་ཅན་རིག་མཛོད”དཔེ་ཚོགས་པོད་བརྒྱ་ཕྱོགས་བསྒྲིགས》ནང་དཔེ་རྒྱུན་དཀོན་རིགས་དང་། བྲིས་མ། ཤིང་བརྐོས་སོགས་རྩ་ཆེའི་ཚད་ལྡན་ཡིག་ཆ་བསྡུས་ཡོད་ཅིང་། དེའི་ནང་གི་དཔེ་རྙིང་ཚད་ལྡན་ཡིག་ཆ་མང་ཆེ་བ་ཡོངས་བསྒྲགས་པར་སྐྲུན་བྱེད་ཐེངས་དང་པོ་ཡིན་པས། བོད་ལྗོངས་ཀྱི་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་མཚོན་རྟགས་རང་བཞིན་གྱི་དཔེ་སྐྲུན་སྤུས་རྟགས་ཤིག་ཏུ་གྱུར་ནས། ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་དང་རིག་གནས་རྒྱུན་འཛིན་གྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།
《“གངས་ཅན་རིག་མཛོད”དཔེ་ཚོགས་པོད་བརྒྱ་ཕྱོགས་བསྒྲིགས》
ངོ་སྤྲོད་བྱས་པར་གཞིགས་ན། 《“གངས་ཅན་རིག་མཛོད”དཔེ་ཚོགས་པོད་བརྒྱ་ཕྱོགས་བསྒྲིགས》ནི་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཕྱོགས་བསྡུས་ཀྱི་བརྩམས་ཆོས་ཤིག་ཡིན་ལ། བོད་རིག་པ་ཞིབ་འཇུག་གི་བང་མཛོད་ཞིག་ཀྱང་ཡིན་པས། བོད་རིག་པའི་ཞིབ་འཇུག་ཐད་དཔྱད་གཞིའི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད། རིག་མཛོད་དེ་བརྒྱུད་མི་རྣམས་ཀྱིས་བོད་ལྗོངས་རིག་གནས་ཀྱི་ཁྱད་ཆོས་དང་ཡིད་དབང་འཕྲོག་ཤུགས་ལ་སྔར་བས་རྒྱུས་ལོན་གཏིང་ཟབ་ཐུབ་པ་དང་། རྒྱ་ཆེ་གཏིང་ཟབ་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་མྱོང་ཚོར་ཐུབ་སྟེ་རིག་གཞུང་ཞིབ་འཇུག་འཕེལ་རྒྱས་གཏིང་ཟབ་ཡོང་བར་དེ་བས་སྐུལ་འདེད་ཐེབས་ཐུབ།
མཛད་སྒོའི་ཡུལ་དངོས་སུ་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་ལྗོངས་ཕྱི་ནང་གི་ཚན་རིག་ཞིབ་འཇུག་ཁང་དང་། མཐོ་རིམ་སློབ་ཆེན། སྤྱི་པའི་དཔེ་མཛོད་ཁང་། དགོན་པའི་དཔེ་ཁང་། རིག་གནས་ཚན་པ་བཅས་ལ《“གངས་ཅན་རིག་མཛོད”དཔེ་ཚོགས་པོད་བརྒྱ་ཕྱོགས་བསྒྲིགས》སོགས་དཔེ་དེབ་ཞལ་འདེབས་ཕུལ་ཡོད། བྱེད་ཐབས་དེའི་དམིགས་ཡུལ་ནི་རྩ་ཆེའི་རིག་གནས་ཐོན་ཁུངས་སྤྱི་ཚོགས་ཐོག་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་ཆེད་ཡིན་པ་མ་ཟད། དེ་ལས་སྤྱི་ཚོགས་ཡོངས་ཀྱིས་དཔེ་རྙིང་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་ཐད་དོ་ཁུར་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བའང་བྱེད་ཀྱི་ཡོད།
བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་འབྲེལ་ཡོད་འགན་འཁུར་བས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བའི་རིག་གནས་ཀྱི་ཕྱག་རྟགས་ཤིག་ཡིན་པའི་ཆ་ནས 《“གངས་ཅན་རིག་མཛོད”དཔེ་ཚོགས་པོད་བརྒྱ་ཕྱོགས་བསྒྲིགས》ཡོངས་བསྒྲགས་བྱས་པ་དེས། དུས་རབས་གསར་པའི་བོད་ལྗོངས་རིག་གནས་རྒྱུན་འཛིན་ཐད་ལས་སྟེགས་གསར་རྐྱང་ཞིག་བསྐྲུན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་བསྣན་པ། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་བསྣན་པ་བཅས་བྱས་ཡོད། རིག་མཛོད་དེ་འགྲེམས་སྤེལ་རྒྱ་ཁྱབ་བྱས་པ་དང་བསྟུན་ནས་གངས་ལྗོངས་ཤེས་དཔལ་གྱི་རྨང་གཞི་བརྟན་པོ་དེ་ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་ཆུ་རྒྱུན་རིང་པོ་དང་དེ་བས་མཉམ་འདྲེས་བྱས་ནས། རྒྱུན་འཛིན་དང་གསར་གཏོད་ཁྲོད་དུས་རབས་ཀྱི་འོད་སྣང་འཕྲོས་ཏེ་ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཐུབ་པའི་ཡིད་ཆེས་ཡོད།
རྩོམ་སྒྲིག་པ། རིག་གྲོལ།