ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

དེང་རབས་མཐའ་མཚམས་ལོ་རྒྱུས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་ལྷ་སར་འཚོགས་འདུག

སྤེལ་དུས 2025-07-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
     ཚེས15ཉིན་གྱི་སྔ་དྲོ“དེང་རབས་མཐའ་མཚམས་ལོ་རྒྱུས་དང་མཐའ་མཚམས་བཅོས་སྐྱོང”བརྗོད་དོན་གཙོ་བོར་བྱས་པའི་དེང་རབས་མཐའ་མཚམས་ལོ་རྒྱུས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་ལྷ་སར་འཚོགས་ཤིང་། དེའི་དམིགས་ཡུལ་ནི་མཐའ་མཚམས་བཅོས་སྐྱོང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་མཐའ་མཚམས་བཅོས་སྐྱོང་དེང་རབས་ཅན་གྱི་གྲུབ་འབྲས་འགྲེམས་སྟོན་བྱས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་བསུ་བ་ཞུ་ཆེད་རེད། 
     ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཀྲུང་གོ་མཐའ་མཚམས་ཞིབ་འཇུག་སུའོ་དང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང(སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས)དང་། དེང་རབས་ཀྲུང་གོའི་ཞིབ་འཇུག་སུའོ་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་ཤིང་། རྒྱལ་ཡོངས་ཀྱི་ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་མཐོ་སློབ30ལྷག་ནས་ཡོང་བའི་ཆེད་མཁས་པ་དང་མཁས་དབང90ལྷག་ཞུགས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། བགྲོ་གླེང་ཚོགས་འདུར་བརྗོད་དོན་གཙོ་བོའི་གཏམ་བཤད་དང་ཡན་ལག་གླེང་སྟེགས་ཁག་གཉིས་སུ་དབྱེ་ཡོད་ཅིང་། ཆེད་མཁས་པ7གྱིས་ལོ་རྒྱུས་དུས་སྐབས་རིམ་བྱུང་གི་ཀྲུང་དབྱང་དང་བོད་ལྗོངས་དབར་ཀྱི་སྲིད་འཛིན་འབྲེལ་བ་དང་། བོད་ལྗོངས་ལ་འཛིན་པའི་སྲིད་ཇུས། ཁ་གཏད་རོགས་སྐྱོར་ལམ་སྲོལ་སོགས་ཀྱི་ཐད་ནས་མཐའ་མཚམས་བཅོས་སྐྱོང་གི་གཏན་ཚིགས་དང་ཐབས་ལམ་ལ་དབྱེ་ཞིབ་བྱས་ཡོད། ཡན་ལག་གླེང་སྟེགས་བཞི་པོས“དེང་རབས་མཐའ་མཚམས་ལོ་རྒྱུས་ཞིབ་འཇུག”དང“མཐའ་མཚམས་བཅོས་སྐྱོང”“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ”སོགས་བརྗོད་དོན་གཙོ་བོར་དམིགས་ནས་མཐའ་མཚམས་བཅོས་སྐྱོང་ཐད་རིག་ཚན་མང་པོའི་བློ་གྲོས་གཅིག་ཏུ་སྡུད་ཡོད། ཚོགས་ཞུགས་ཆེད་མཁས་པ་ཚོས་འདི་ལྟར་ངོས་འཛིན་བྱས་ཡོད་དེ། བོད་ལྗོངས་ཀྱི་ལོ་ངོ60ཡི་རིང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཐའ་མཚམས་བཅོས་སྐྱོང་བགྲོད་ལམ་ཡང་དག་རང་བཞིན་གྱི་གསོན་ཉམས་ལྡན་པའི་ར་སྤྲོད་ཤིག་ཡིན་པ་དང་། དེས་མཐའ་མཚམས་ལོ་རྒྱུས་ཞིབ་འཇུག་བྱ་རྒྱུར་དཔྱད་གཞི་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་ཡོད། ད་ཐེངས་བགྲོ་གླེང་ཚོགས་འདུ་འཚོགས་པ་དེས་ཀྲུང་གོའི་རང་བདག་གི་མཐའ་མཚམས་རིག་པའི་ཤེས་བྱའི་མ་ལག་འཛུགས་པ་དང་དུས་རབས་གསར་པའི་མཐའ་མཚམས་བཅོས་སྐྱོང་གི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།