ཟླ་9པའི་ཚེས་3ཉིན་ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་བྱམས་པ་བཀྲ་ཤིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པའི་ཁོངས་མི་ཡིན་པའི་ངོས་ནས་པེ་ཅིང་དུ་ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་དམག་གཟིགས་དགྱེས་སྟོན་ལ་ཞུགས་པའི་སྐལ་བ་བཟང་པོ་ཐོབ་ཡོད།
དེ་ཡང་མི་རིང་བའི་གོང་བྱམས་པ་བཀྲ་ཤིས་ལ་གནམ་བདེ་སྒོ་མོ་ཆེའི་ས་གནས་ས་ཐོག་ནས་དམག་གཟིགས་དགྱེས་སྟོན་བལྟ་བར་འགྲོ་རྒྱུའི་བརྡ་ཐོ་འབྱོར་མ་ཐག་སེམས་འགུལ་ཚད་མེད་ཐེབས་ཤིང་། རྒྱལ་ས་པེ་ཅིང་དུ་འགྲོ་བའི་དུས་ཚོད་མགྱོགས་ཙམ་འཆར་རྒྱུའི་རེ་སྒུག་བྱེད་པ་མ་ཟད། སྤྱི་ཟླ་9ཚེས་3ཉིན་དུས་ཐོག་ཏུ་གནམ་བདེ་སྒོ་མོའི་ཐང་ཆེན་ནུབ་ངོས་ཀྱི་གཟིགས་སྟེགས་ཁུལ་དུ་འབྱོར་བ་བྱས་པ་རེད།
དམག་གཟིགས་རུ་སྟར་རེ་རེ་བཞིན་གོམ་སྟབས་འགྲིག་པོས་ཐང་ཆེན་དུ་སྐྱོད་སྐབས་ས་གནས་ས་ཐོག་གི་རྣམ་པ་སྔར་བས་འཁྲུག་ཆ་དོད་ཅིང་བྱམས་པ་བཀྲ་ཤིས་ལའང་སེམས་འགུལ་ཆེན་པོ་ཐེབས། གཞི་རིམ་སྡེ་ཁུལ་གྱི་ལས་བྱེད་པ་ཞིག་ཡིན་པའི་བྱམས་པ་བཀྲ་ཤིས་ཀྱིས་གཞི་རིམ་གྱི་ལས་ཀའི་ཁྱབ་ཁོངས་སུ་མི་ལོ་29ཡི་རིང་འབད་བརྩོན་ལྷོད་མེད་དང་མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་པར་བརྟེན་གཞི་རིམ་མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད།
ཁོང་ལ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་གཞུང་ལས་པ་སོགས་ཀྱི་མཚན་སྙན་ཐོབ་པ་དང་ཁོང་གི་ཕྱག་ལས་གནང་སའི་སྡེ་ཁུལ་ལའང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚན་སྙན་ཐེངས་མང་ཐོབ་ཡོད།
ད་ཐེངས་ཀྱི་དྲན་གསོའི་ཚོགས་ཆེན་ལ་ཞུགས་པའི་མྱོང་ཚོར་སྐོར་གླེང་སྐབས་བྱམས་པ་བཀྲ་ཤིས་ཀྱིས་སེམས་འགུལ་ཐེབས་པའི་ངང་དེ་ནི་ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཇལ་ཐེངས་གསུམ་པ་དེ་ཡིན་པས་གཟི་བརྗིད་དེ་ནམ་ཡང་བློ་ལ་བརྟན་པོར་ངེས་རྒྱུ་ཡིན་ཞེས་དང་། ཁོང་གིས་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཡིན་པའི་ངོས་ནས་ངས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་རྒྱལ་གཅེས་སྤྲོ་སེམས་དེ་བྱ་སྤྱོད་དངོས་སུ་འགྱུར་བ་བྱས་ནས་གྲོང་མིའི་དཀའ་ངལ་མང་ཙམ་སེལ་རོགས་དང་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཟམ་སྔར་བས་མང་ཙམ་བཙུགས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད།
དེ་ལྟར་ཁོང་གི་གཏམ་བཤད་ལས་གཞི་རིམ་ཏང་ཡོན་ལས་བྱེད་པ་ཞིག་གི་འགན་འཁྲི་དང་འགན་སེམས་མངོན་པ་མ་ཟད། མི་རིགས་མཐུན་སྒྲིལ་དང་ཐུན་མོང་འབད་འཐབ་ཀྱི་དྲང་ནུས་ཀྱང་བརྒྱུད་སྤྲོད་བྱས་ཡོད།
རྩོམ་སྒྲིག་པ། རིག་གྲོལ།