—— ལྷུན་རྩེ་རྫོང་གིས་འཚོ་རྟེན་ལས་སྤྲོད་ཀྱི་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པའི་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། ལྷུན་རྩེ་རྫོང་གིས་འཚོ་རྟེན་ལས་སྤྲོད་ཀྱི་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། “ལས་ཞུགས་བརྟན་པོ་དང་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ”དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། འཚོ་རྟེན་ལས་སྤྲོད་དང་དེ་བཞིན་དཔེ་སྟོན་རྣམ་གྲངས་ཁག་37ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་2.35ལྷག་ཙམ་བཏང་ཞིང་། རིམ་རྩིས་བརྒྱབ་ན། ས་གནས་དེ་གའི་མང་ཚོགས་ཁྲི་1.2ལྷག་ཙམ་ལ་འབབ་འཕར་སྒོར་ཁྲི་8070ལྷག་ཙམ་བྱུང་སྟེ་སྲིད་ཇུས་ཀྱི་ཕན་འབྲས་དེ་གྲོང་གསེབ་དར་རྒྱས་ཀྱི་དམངས་འཚོའི་ཕན་འབྲས་དང་ནང་སྐྱེས་སྒུལ་ཤུགས་སུ་གྱུར་ཡོད།
“ཁྱིམ་ཚང་ལ་ལྟ་རྟོག་དང་ཡོང་འབབ་གསོག་རྒྱུ་གཉིས་ཀ་འཐུས་ཤོར་མི་ཡོང་བ་བྱས་པ”
གཉལ་སྨད་ཤང་ཤེར་མདོ་གྲོང་ཚོར་སྔོན་མ་འབྲུབ་ཆུ་རྒྱས་དུས་ཆུ་སྐྱོན་ཤོར་སླ་བའི་གཙང་པོར་ད་ཆ་ཆུ་རགས་བརྟན་པོ་ཞིག་བསྐྲུན་ཡོད། ཡུལ་མི་སྐལ་བཟང་བག་གྲོས་རྡོ་རྩིག་རྒྱག་བཞིན“སྔོན་མ་དབྱར་ཁ་དགོང་མོ་ཆུ་ཤོར་ཡོང་སྙམ་ནས་གཉིད་མི་ཁུག་པ་དང་། ད་ཆ་ཆུ་རགས་བརྒྱབ་པས་སེམས་ལྷོད་པོ་འདུག་ལ་ཆུ་རགས་རྒྱག་ས་ནས་ཡོང་འབབ་ཀྱང་གསོག་ཐུབ་ཀྱི་འདུག”ཅེས་བཤད། དམངས་འཚོའི་ལས་གྲྭར་ཞུགས་པ་བརྒྱུད་མང་ཚོགས་ལ་ངལ་ལས་གླ་ཆ་སྒོར་ཁྲི་627བྱུང་ནས་མང་ཚོགས་1145ལ་ཐད་ཀར་ཕན་པ་ཐོབ་ཡོད།
རྫོང་གྲོང་གི་གཅིག་སྡུད་འཐུང་ཆུའི་ཆུ་འགོ་བསྐྲུན་ཡུལ་དུ། དཔལ་ལྡན་གྱིས་གཡོས་འཁོར་བྱང་ཆུབ་པོས་བཀོལ་སྤྱོད་བྱེད་བཞིན་འདུག མ་དངུལ་སྒོར་དུང་ཕྱུར་1.5ལྷག་ཙམ་བཏང་བའི་རྣམ་གྲངས་དེས་མི་ཁྲི་2ཙམ་གྱི་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། འཚོ་རྟེན་ལས་སྤྲོད་ལ་གཞིགས་ནས་མང་ཚོགས་270ལ་གླ་ཆ་སྒོར་ཁྲི་1781སྤྲད་ཡོད།
རི་རོང་ཤང་དུ་ཞིང་ལས་དང་གྲོང་གསེབ་ཀྱི་ཁྱབ་གདལ་རྣམ་གྲངས་ལག་བསྟར་བྱས་པར་བརྟེན་མང་ཚོགས“ཁྱིམ་གྱི་སྒོ་རྩར་ལས་ཞུགས”ཐུབ་ཡོད། གསར་དུ་བསྐྲུན་པའི་གཞུང་ལམ་གྱིས་གྲོང་ཚོ་གཉིས་སྦྲེལ་ཞིང་། གྲོང་ཚོའི་གཅུང་མོ་ཚོ་དང་མཉམ་དུ་གྲོང་ཚོའི་ལམ་བཟོའི་ལས་ཀར་ཞུགས་མཁན་སྒྲོལ་མ་གཡང་འཛོམས་ཀྱིས“ཕྱུགས་རྫིའི་དངུལ་ལེན་རྒྱུ་ཡོད་ལ། དེ་གར་ལས་ཀ་བྱས་ན་ཉིན་རེར་གླ་ཆ་སྒོར་200ལྷག་ཙམ་ཡོད་པས་ཁྱིམ་ཚང་ལ་ལྟ་རྟོག་དང་། ཡོང་འབབ་གསོག་རྒྱུ་གཉིས་ཀར་འཐུས་ཤོར་འགྲོ་ཡི་མི་འདུག”ཅེས་བརྗོད་བྱུང་། རྫོང་དེ་ཡོངས་སུ་ཞིང་ལས་དང་གྲོང་གསེབ་ཀྱི་ཁྱབ་གདལ་རྣམ་གྲངས་དེ་ལྟ་བུ་30ཡོད་པས། མང་ཚོགས་5016ལ་ལས་ཞུགས་ཀྱི་གོ་སྐབས་ཐོབ་ནས་ཡོང་འབབ་སྒོར་ཁྲི་1256བྱུང་ཡོད།
“གཞན་སྐུལ”ནས“རང་འགུལ”བར་གྱི་འགྱུར་ལྡོག
རི་རོང་ཤང་དུ་རྩྭ་ཐང་སླར་གསོའི་རྣམ་གྲངས་ཀྱི་འགོ་ཚུགས་ཚོགས་འདུར་རྫོང་གི་ལས་བྱེད་པས་སྲིད་ཇུས་འཆད་འགྲེལ་བྱེད་པ་དང་། ཤང་ཀྲང་གིས་དམག་བཀའ་ཁུར་ལེན་གྱི་དམ་བཅའ་འཇོག་པ། གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅིས་མིང་ཐོ་འཁྱེར་ནས་དུད་ཚང་རེ་རེ་བཞིན་སྐུལ་སློང་བྱེད་པ་བཅས་ཀྱི“རིམ་གསུམ་འགན་འཁྲིའི”མ་ལག་གསལ་པོར་མངོན་ཡོད། “ཕྱོགས་གསུམ་མཉམ་ཤུགས་བསྒྲིལ་བའི”མ་ལག་ཁྲོད་ཏང་ཀྲི་པུའུ་ནི་སྲོག་ཤིང་ཡིན། ཏང་ཡོན་ཕུར་བུ་ཚེ་རིང་རྩྭ་འདེབས་རུ་ཁག་ལ་མིང་ཐོ་འགོད་མཁན་དང་པོ་དེ་ཡིན་ལ། ཁོང་གི་བྱ་སྤྱོད་ཀྱིས་དུད་ཚང་བཅུ་ཕྲག་ཁ་ཤས་ཞུགས་པར་སྣེ་ཁྲིད་ཐུབ་སྟེ་ད་ཆ་མང་ཚོགས་རྣམས“གཞན་སྐུལ”ནས“རང་འགུལ”བར་གྱི་འགྱུར་ལྡོག་བྱུང་ཡོད།
རྣམ་གྲངས་ཕྱི་གསལ་ནང་གསལ་ཡོང་ཆེད། “ས་གནས་ས་ཐོག་ཏུ་ལྟ་འདོམས་བྱེད་པ་གསུམ”དང“བདེ་འཇགས་ཀྱི་མཐའ་ཚད་གསུམ”གྱི་བཙན་ཞིང་ནན་པའི་སྒྲིག་ཁྲིམས་བཟོས་ཡོད། རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཆི་མེད་རྡོ་རྗེས། “རྣམ་གྲངས་ཀྱི་ལས་ཡུལ་དུ་དུས་ཚོད་མང་པོ་འགོར་གྱི་འདུག ཐོག་མའི་རྩད་ཞིབ་ཐིག་ལེན་དང་། བར་གྱི་ཞིབ་བཤེར། རྗེས་ཀྱི་ཞིབ་བཤེར་རྩིས་ལེན་བཅས་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་ལ། གོ་རིམ་དང་། མ་དངུལ། སྤུས་ཚད་བཅས་ཀྱི་མཐའ་ཚད་གསུམ་པོའང་བརྟན་པོར་སྲུང་དགོས་ཀྱི་ཡོད”ཅེས་བཤད།
“ཡོང་འབབ་གསོག་པ”ནས“འབབ་འཕར་ལམ་བུ་གཏོད་པའི”བར།
ལྷུན་རྩེ་རྫོང་དུ་འཚོ་རྟེན་ལས་སྤྲོད་ཀྱི་ཕན་འབྲས་རིམ་གྱིས་ཐོན་བཞིན་ཡོད། རི་ཐང་གྲོང་རྡལ་དང་། རི་རོང་ཤང་། ཞོལ་གསར་ཤང་བཅས་ཀྱི་གྲོ་ཞིང་དུ་ཆུ་འདྲེན་ཡུར་བུ་གསར་པ་བསྐྲུན་ཡོད། འདེབས་འཛུགས་དུད་ཚང་དོན་གྲུབ་ཀྱིས་ད་ལོ་མུའུ་རེའི་ཐོན་འབབ་རྒྱ་མ་50ཙམ་འཕར་ངེས་པ་ཚོར་བས། “དུས་ཐོག་ཏུ་ཞིང་ཆུ་གཏོང་ཐུབ་ཚེ་ལོ་ལེགས་ཡོང་ངེས་རེད”ཅེས་བཤད། ཞིང་ནང་གི་ཆུ་བེད་སྒྲིག་ཆས་ལེགས་སུ་ཕྱིན་པར་བརྟེན་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་འགོག་རྐྱེན་བསལ་ཡོད།
“ཡུལ་མིས་རང་སྐྲུན”བྱེད་པའི་བྱ་ཐབས་ཁྱབ་གདལ་བཏང་བའི་གྲོང་ཚོར། མང་ཚོགས་རང་ཉིད་ཀྱིས་གྲོས་བསྡུར་དང་། རང་ཉིད་ཀྱིས་ཐག་གཅོད། རང་ཉིད་ཀྱིས་ལས་སྒྲུབ། རང་ཉིད་ཀྱིས་དོ་དམ་བཅས་མངོན་འགྱུར་ཐུབ་ཡོད། ཨ་ཁུ་བཀྲ་ཤིས་ཀྱིས་མྱོང་ཚོར་ཟབ་མོས། “ད་ཆ་གྲོང་ཚོའི་དོན་དག་ནི་ང་ཚོ་ཚང་མའི་དོན་དག་ཡིན། ཇི་ལྟར་བསྐྲུན་པ་དང་མ་དངུལ་གང་དུ་བཏང་མིན་ཚང་མ་ང་ཚོས་ཁ་གསལ་ཤེས་ཀྱི་ཡོད”ཅེས་བཤད། གྲོས་མོལ་དང་ལག་ལེན་བྱེད་ཐེངས་རེ་རེའི་ཁྲོད་ནས་གཞི་རིམ་བཅོས་སྐྱོང་གི་གསོན་ཤུགས་གསར་པ་མངོན་བཞིན་ཡོད།
རྣམ་གྲངས་ཀྱི་ལས་ཡུལ་དེའང་གསོ་སྦྱོང་གི་སློབ་ཁང་དུ་གྱུར་ཞིང་། རྫོང་གིས་སྒྲིག་འཛུགས་བྱས་པའི“འཚོ་རྟེན་ལས་སྤྲོད་ཀྱི་གསོ་སྦྱོང”ནང་། པད་མས་ཚ་ལ་རྒྱག་སྟངས་སྦྱངས་པར་ལག་ཁྱེར་ཡང་རག་ཡོད། ཁོང་གིས།“ལག་ཁྱེར་ཡོད་པས་ལས་ཀ་མི་རག་པའི་སེམས་ཁྲལ་མེད”ཅེས་སྤོབས་པ་ཆེན་པོས་བཤད། མིག་སྔར། ལྷུན་རྩེ་རྫོང་དུ་པད་མ་དང་འདྲ་བའི་མང་ཚོགས་ལག་ཤེས་པ་2672ཡོད་པ་དང་། ཁོང་ཚོས་ཤུགས་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་བ་ནས་ལག་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ཕྱོགས་སུ་སྐྱོད་བཞིན་ཡོད།