ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ལྷོ་ཁའི་ཐོན་ལས་དར། སྐྱེ་ཁམས་མཛེས། མང་ཚོགས་ཕྱུག

སྤེལ་དུས 2025-10-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
  སྔོན་ཆད་མྱ་ངམ་ཐང་ཡིན་ཡང་ད་ལྟ་དེང་རབས་ཅན་གྱི་ཞིང་རར་གྱུར་ཡོད་ལ། སྔོན་ཆད་བེད་སྤྱོད་རིན་ཐང་མེད་པའི་ཐོན་ཁུངས་ནས་ད་ལྟ་ལྗང་མདོག་གི་བང་མཛོད་དུ་གྱུར་ཡོད། དེའི་བར་དུ།  བོད་ལྗོངས་ལྷོ་ཁར་ཐོན་ལས་ཀྱི་འཕོ་འགྱུར་ཆེན་པོ་ཞིག་བྱུང་ཡོད། དེང་རབས་ཁེ་ལས་ནང་འདྲེན་དང་། ཡུལ་འཚམ་ཐོན་ལས་འཕེལ་རྒྱས། ནུས་རྒྱུ་གཙང་མར་སྐུལ་འདེད་བཅས་བྱས་པ་བརྒྱུད། ལྷོ་ཁའི་ཐོན་ལས་དར་རྒྱས་བྱུང་ཞིང་སྐྱེ་ཁམས་མ་ལག་ཇེ་ལེགས་སུ་ཕྱིན་པར་མ་ཟད། ས་གནས་དེ་གའི་མང་ཚོགས་རྣམས“སྒོ་རྩ”ནས་ལས་ཞུགས་བྱས་ཏེ།  ཡོང་འབབ་མཐོ་བའི་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཡོད།
  
ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་སླེའུ་ཆུང་གྲོང་ཚོའི་གྲོང་མི་ཚེས་གཉིས་ཀྱིས་གོང་དཀར་རྫོང་གི་སྡོང་ཐུང་ཀུ་ཤུའི་འདེབས་འཛུགས་རྟེན་གཞི་ནས་ཁྱིམ་གྱི་སྒོ་རྩ་རུ་ལས་ཞུགས་ཐུབ་པའི་གནས་ཚུལ་བཤད་བཞིན་པ།
  མྱ་ངམ་ཐང་དུ“རྩི་ཤིང་བཟོ་གྲྭ”བཙུགས་ནས་ཞིང་ལས་དེང་རབས་ཅན་ལ་ཚན་རྩལ་གྱི་ནུས་པ་ཐོན་པ
   གྲ་ནང་རྫོང་རྔ་སྒྲ་ཞང་གྲམ་མདའ་གྲོང་ཚོར། བོད་ལྗོངས་གྲམ་ཐང་ཞིང་རའི་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་གཏོད་པའི་གྲམ་ཐང་ཞིང་རའི་དེང་རབས་ཞིང་ལས་རྣམ་གྲངས་དེས་སྔོན་ཆད་ཐང་རྒོད་དང་བེད་སྤྱོད་བྱེད་དཀའ་བའི་མྱ་ངམ་ཐང་ལས་སྐྱེ་སྟོབས་ཀྱི་གསོན་ཤུགས་ངམ་གྱིས་མངོན། ཆུ་དཀོན་པ་དང་ས་རྒྱུ་ཞན་པའི་དཀའ་ངལ་ལ་འཕྲད་སྐབས། ཁེ་ལས་ཀྱིས་ཡུལ་དེ་གའི་ཕུན་སུམ་ཚོགས་པའི་ཚ་འོད་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་པ་དང་ཆབས་ཅིག  ཆུ་དང་ལུད་གཞི་གཅིག་ཅན་གྱི་རིག་ལྡན་ཆུ་འདྲེན་མ་ལག་བརྒྱུད་དེ་ནུས་ཆེའི་ལུད་སྡེབ་སྦྱོར་དང་། སྤྱོད་ཚད། ཐིགས་ཆུ་གཏོང་བའི་དུས་ཚོད་བཟོས་ཏེ་གློག་ཀླད་ཐོག་ནས་རྩི་ཤིང་སྐྱེ་འཚར་ལ་མཁོ་བའི་དྲོད་ཚད་དང་། བརླན་ཚད། འོད་ཕོག་ཚད། དབྱང་གཉིས་ཐཱན་རྫས། འཚོ་བཅུད་སྨན་རྫས་སོགས་རང་འགུལ་གྱིས་སྙོམ་སྒྲིག་བྱས་ཏེ། ཤིང་ཏོག་དང་སྔོ་ཚལ་ཆེད་ལས་འདེབས་འཛུགས་དང་ཚད་ལྡན་ཐོན་སྐྱེད་ལ་སྐུལ་འདེད་བཏང་ནས་ཐོག་མའི་ས་རྒྱུ་དང་གནམ་གཤིས་ཆ་རྐྱེན་ལ་བརྟེན་མི་དགོས་པའི་བཟོ་ལས་ཅན་གྱི“རྩི་ཤིང་བཟོ་གྲྭ”ཞིག་བསྐྲུན་ནས།  ཞིང་ལས་ཐོན་སྐྱེད་ཀྱི་ཐོན་ཚད་མང་བ་དང་། སྤུས་ཚད་ཡག་པ། བདེ་འཇགས་ཡིན་པ་མངོན་འགྱུར་བྱུང་ཡོད།
གྲམ་ཐང་ཞིང་རའི་དེང་རབས་ཞིང་ལས་རྟེན་གཞི།
  
 གྲམ་ཐང་ཞིང་རའི་དེང་རབས་ཞིང་ལས་རྟེན་གཞིར་བཏབ་ཡོད་པའི་ཤིང་འབྲས་ལན་མའེ་ཡི་མེ་ཏོག
   ལག་རྩལ་ཚོགས་པས་འཚོལ་ཞིབ་བར་མེད་བྱས་ཏེ། ཀྲོ་མ་ཀྲུ་ཆུང་ཆུང་འདི་འགག་གནད་དུ་བཟུང་ནས།  གཞི་ཁྱོན་ཅན་དང་། རང་འགུལ་ཅན། ཁོར་ཡུག་དང་འདྲིས་པ་བཅས་ཀྱི་ཚད་ལྡན་ཅན་གྱི་ཐོན་སྐྱེད་མངོན་འགྱུར་བྱུང་ཡོད། ད་ཆ་གྲམ་ཐང་ཞིང་རའི་དེང་རབས་ཞིང་ལས་རྣམ་གྲངས་རྟེན་གཞིར་ཐོན་རྫས་གཙོ་བོ་ཤིང་འབྲས་ལན་མའེ་ཕུད། ད་དུང་སྤུས་ཀ་དག་པའི་འཚོ་བཅུད་ཤིའི་ལྡན་གྱི་ཀྲོ་མ་ཀྲུ་ཆུང་ཆུང་དང་སྔོ་ཚལ། ཀྭ་རིགས་དང་ཤིང་ཏོག་གཞན་དག་གི་ལོ་རེའི་ཐོན་ཚད་ཏུན500ལྷག་ཙམ་ཟིན་ནས།  དྲ་བའི་ཐོག་ཕྱིར་ཚོང་བྱ་ཡུལ་ལྷ་ས་དང་། ལྷོ་ཁ། ཀོང་ཀྲོའུ། ཧྲེང་ཀྲེན། ཁྲང་ཧྲ་སོགས་ལ་ཁྱབ་ཡོད། 2024ལོའི་ཟླ7པར། ཀུང་སིས་ཤིང་འབྲས་ལན་མའེ་བཟོ་ལས་ཅན་གྱི་འདེབས་གསོའི་ལག་རྩལ་གྱི་དཀའ་གནད་བསལ་ཐུབ་པ་དེ་ཐོག་ནས་རྣམ་གྲངས་དེའི་ཞིང་ལས་ལག་རྩལ་མཐོ་རུ་ཕྱིན་པ་མཚོན།      ཐོན་ལས་འཕེལ་རྒྱས་བྱུང་བ་དེས་ས་གནས་དེ་གའི་མང་ཚོགས་ལ་ཐད་ཀར་ཕན་པ་ཐོབ་ཡོད། གྲམ་ཐང་ཞིང་རའི་དེང་རབས་ཞིང་ལས་རྣམ་གྲངས་རྟེན་གཞིས་གྲམ་མདའ་གྲོང་ཚོ་ནས་ས་ཞིང་བོགས་མར་ལེན་པས་ལོ་ལྟར་གྲོང་ཚོ་སྤྱི་ལ་སྒོར་ཁྲི300ལྷག་གི་ཡོང་འབབ་བཙལ་ཡོད་ལ། ཉེ་འཁོར་གྱི་མི23ལ་གཏན་འཇགས་ཀྱི་ལས་ཀ་སྤྲད་ནས་ཟླ་རེའི་ཆ་སྙོམས་གླ་ཕོགས་སྒོར5000ཙམ་ཟིན་གྱི་ཡོད། རྔ་སྒྲ་ཞང་གྲམ་མདའ་གྲོང་ཚོའི་གྲོང་མི་ལྷ་མོས་དེ་གར་ལས་ཀ་བྱས་ནས་ལོ་བཞི་སོང་བ་དང་། ཁོ་མོས“ཁྱིམ་གྱི་སྒོ་རྩར་ལས་ཀ་བྱས་ན་དངོས་གནས་སྟབས་བདེ་པོ་འདུག་ལ་དངུལ་ཡང་བསག་ཐུབ་ཀྱི་འདུག ད་ཆ་འཚོ་བའི་ཕྱོགས་གང་ཅིའི་ཐད་ནས་ཀྱང་ཧ་ཅང་ཡག་པོ་ཡོད་པས་སྐྱིད་པོ་འདུག”ཅེས་དགའ་སྤྲོ་ཆེན་པོས་བརྗོད། ཐོན་སྐྱེད་ལག་རྩལ་གྱི་འགན་འཁུར་བ་མཚོ་མོས་ཀུང་སིས་ས་སྐྱེས་རྡོ་སྐྱེས་ཀྱི་མི་འཇོན་ཐང་ཅན་བསྡུ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་པས་ལས་མི་མང་ཆེ་བ་ནི་ཡུལ་དེ་གའི་མང་ཚོགས་ཡིན་པས། སློབ་ཐོན་སློབ་མ་དང་ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་ཀྱི་གདམ་ག་ཡག་པོ་ཞིག་མཁོ་འདོན་བྱས་ཡོད།
གྲམ་ཐང་ཞིང་རའི་དེང་རབས་ཞིང་ལས་རྟེན་གཞིར་ལྷ་མོས་ལས་ཀ་བྱེད་བཞིན་པ།   
   ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་གཞི་ཚུགས་ནས་ལས་ཞུགས་བོད་སྐྱོར་གྱིས་ཕྱུག་འགྱུར་གྱི་ལམ་རྒྱ་ཆེར་བཏང་།   
   གྲ་ནང་རྫོང་དུ་ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་འཁོར་རིགས་ཞིབ་འཇུག་སུའོ་ཚད་ཡོད་ཀུང་སིས(གཤམ་དུ“ཀྲུང་ཁྲེ་ཀྲུའུ་ཀྲོའུ་སུའོ”ཞེས་པར་བསྡུ་རྒྱུ)མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པའི་ཀྲུང་ཁྲེ་ལྷོ་ཁའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་དེ་བོད་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་གི་རྣམ་གྲངས་ཐོག་མ་དང་།  འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་རྟེན་གཞི་ཡིན་པའི་ཆ་ནས་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་ལ་ལྗང་མདོག་གི་སྒུལ་ཤུགས་གསར་པ་སྣོན་བཞིན་ཡོད་ཅིང་། རྣམ་གྲངས་དེས་ལྷོ་ཁའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་ཀྱི་སྟོང་ཆ་སྐོང་རྒྱུ་རེད།
ཀྲུང་ཁྲེ་ལྷོ་ཁའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་གི་ཟུར་ཞིག
   ཐོན་ལས་གླིང་དེ་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་པས།  ལས་ཞུགས་བོད་སྐྱོར་གྱི་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད་དེ། རྣམ་གྲངས་འཆར་འགོད་དང་ལས་གྲྭ་འཛུགས་སྐྲུན་ནས་ཐོན་སྐྱེད་བཟོ་སྐྲུན། རྗེས་ཀྱི་བདག་སྐྱོང་བཅས་ཀྱི་ལྷུ་ཚིགས་ཁག་ཚང་མར་ལས་ཞུགས་ལས་གནས་མང་པོ་བསྐྲུན་ཡོད།  2023ལོར་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ནས་བཟུང་ས་གནས་དེ་གའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཞིང་འབྲོག་མང་ཚོགས19ལས་ཀ་བྱེད་དུ་བསྡུས་ཡོད། གྲ་ནང་རྫོང་གི་སྒྲོལ་མ་དབྱངས་ཅན་གྱིས་ཐོན་ལས་གླིང་དུ་ལས་ཀ་བྱེད་ཀྱི་ཡོད་དེ། ཡུལ་དེ་གའི་ལས་མི་གཞན་དག་དང་འདྲ་བར་ཀུང་སིས་མོ་རང་ཞིང་ཆེན་གཞན་ལ་མངགས་ནས་ལས་ཞུགས་སྔོན་གྱི་གསོ་སྦྱོང་ནང་དུ་ཞུགས་རྒྱུའི་གོ་སྐབས་སྤྲད་པར་མ་ཟད་འགྲོ་གྲོན་ཚང་མ་ཀུང་སིས་སྤྲད་ཡོད་པ་དང་། ལས་ཀའི་གླ་ཕོགས་ལས་ཕྱོད་ལྟར་སྤྲོད་ཀྱི་ཡོད།  མོས་དེ་ལྟར་བྱས་ན་མང་ལས་མང་ཐོབ་ཡིན་པ་དང་། སླད་ཕྱིན་ལག་རྩལ་ཡར་རྒྱས་འགྲོ་རྒྱུ་དང་ཡོང་འབབ་མང་དུ་འགྲོ་རྒྱུར་ཡིད་ཆེས་ཡོད་ཅེས་བརྗོད།
སྒྲོལ་མ་དབྱངས་ཅན་གྱིས་ཐོན་ལས་གླིང་དུ་ལས་ཀ་བྱེད་བཞིན་པ།
    ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་རུ་ཁག་ཁག་བཅུ་པ་ཀྲུའུ་ཀྲོའུ་ཚོགས་ཆུང་གིས2022ལོའི་ཟླ7པར་བོད་ལྗོངས་སུ་སླེབས་པ་ནས་བཟུང་། ལས་སྟེགས་ཧུར་ཐག་བཙུགས་པ་དང་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ། “བརྟག་དཔྱད་ཞིབ་ཚགས། ལས་གནས་སྦྲེལ་མཐུད། རྩལ་ནུས་མཐོར་གཏོང་། ཞབས་ཞུའི་འགན་ལེན”བཅས་ཀྱི་སྦྲེལ་ཐག་རྣམ་པའི་ཐོག་ནས་ལས་ཞུགས་ལས་གནས5300ལྷག་ཙམ་གསར་དུ་བཏོན་ནས་གྲ་ནང་རྫོང་གི་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་མང་ཚོགས192ཡུལ་གཞན་དུ་ལས་ཞུགས་ཡོང་བར་རོགས་རམ་བྱས་པར་མ་ཟད། ལས་ཞུགས་རྟེན་གཞི་དང་ནང་སྦྱོང་རྟེན་གཞི་མང་པོ་བཟོས་ནས་ལས་ཞུགས་བོད་སྐྱོར་ཁེ་ལས་ཀྱི་ཚད་གཞི་བཙུགས་ཡོད།
    ལྕང་སོན་རྟེན་གཞིས་རི་རྒོད་སྔོ་ལྗང་གོས་ཀྱིས་བཀླུབས་ནས་མང་ཚོགས་ཕྱུག་པོ་ཆགས་པ་དང་སྐྱེ་ཁམས་ཐོན་ལས་ཀྱི་རིན་ཐང་མང་པོ་མངོན་འགྱུར་བྱུང་།      
    ཟངས་རི་རྫོང་དུ་ཤར་གོའོ་ལྕང་སོན་རྟེན་གཞིའི་འཕེལ་རྒྱས་ནི་སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཀར་ཕན་འབྲས་ཐོན་པའི་ཐོན་ལས་ཤིག་རེད། རྟེན་གཞི་དེ2014ལོར་བཙུགས་པ་ནས་བཟུང་ཐོག་མའི་ལྕང་སོན་འདེབས་འཛུགས་དང་གསོ་སྐྱོང་བྱེད་པ་ནས་སྐྱེད་ཚལ་སྔོ་འགྱུར་དང་ནགས་འཛུགས་ལས་གྲྭ་སོགས་སྣ་མང་ཅན་གྱི་ཁོངས་སུ་རིམ་བཞིན་ཁྱབ་ཡོད་ལ། མིག་སྔར་རྟེན་གཞིའི་སྤྱིའི་རྒྱ་ཁྱོན་མུའུ1264བར་རྒྱ་ཆེ་རུ་ཕྱིན་པ་དང་། འདེབས་གསོ་བྱེད་པའི་ལྕང་སོན་རིགས30ལྷག་ཙམ་ཟིན་ཡོད།
     རྟེན་གཞིས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་ཧུར་ཐག་བྱས་ཏེ།  “རྟེན་གཞི+ཞིང་དུད”ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་བཟོས་ནས་མང་ཚོགས48ལ་ཡུན་རིང་ལས་ཞུགས་ཐུབ་པའི་ལས་གནས་མཁོ་འདོན་བྱས་པར་མ་ཟད།  “ལས་ཀས་སློབ་སྦྱོང་གི་ཚབ”བྱས་པ་བརྒྱུད་ལག་རྩལ་སྦྱངས་ཏེ། མང་ཚོགས་ལ་ཡོང་འབབ་སྒོར་ཁྲི2000ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་སྒྲོལ་དུད་ཚང28ལ་ཁྱོན་སྒོར་ཁྲི40ལྷག་ཙམ་གྱི་ཁེ་སྤོགས་བགོ་འགྲེམས་བརྒྱབ་ཡོད། 2024ལོར་རྣམ་གྲངས་རྒྱས་སྐྲུན་བྱེད་རིང་ལས་བཟོའི་མི་གྲངས་བསྡོམས་འབོར1480ལྷག་ཙམ་ཟིན་པ་དང་ལས་བཟོར་གླ་ཕོགས་སྒོར་ཁྲི632སྤྲད་ཡོད།
     ལྕང་སོན་རྟེན་གཞི་བཙུགས་པས་སྔོན་ཆད་ཀྱི་བྱེ་ཐང་དང་རི་རྒོད་ལ་དར་གོས་ལྗང་གཡོགས་ནས་རྩི་ཤིང་གི་ཁྱབ་ཚད་ཆེ་རུ་ཕྱིན་པ་དང་ས་ཆུ་ཤོར་ཚད་ཉུང་དུ་སོང་ཞིང་། ས་ཁོངས་སྐྱེ་ཁམས་མ་ལག་བརྟན་འཇགས་ཡོང་ཚད་ཆེ་རུ་ཕྱིན་པས། ས་ཆའི་རིན་ཐང་དང་། སྐྱེ་ཁམས་ཀྱི་རིན་ཐང་། དཔལ་འབྱོར་རིན་ཐང་བཅས་ཆེ་ཤོས་མངོན་འགྱུར་བྱུང་ཡོད། ད་ལོ་ལོ58ལ་སླེབས་པའི་དོན་གྲུབ་ཚེ་རིང་གིས་རྟེན་གཞིར་ལོ་བཅུ་ལྷག་ཙམ་ལས་ཀ་བྱས་པ་དང་། ཁོ་པས་རྟེན་གཞི་རྒྱ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བར་བདེན་དཔང་ཐུབ་ཡོད།  “ལས་ཀ་བརྟན་པོ་ཡོད་ལ་ལོ་ལྟར་བྱ་དགའི་དངུལ་སྤྲད་ཀྱི་ཡོད”ཁོང་དང་ཉེ་འཁོར་གྱི་གྲོང་མི་ཚང་མར་འཚོ་བ་ཇེ་ལེགས་སུ་འགྲོ་བ་དང་ཁོར་ཡུག་ཀྱང་མཛེས་སུ་འགྲོ་གི་ཡོད་པ་ཚོར་བ་བྱུང་ཡོད།
ཤར་གོའོ་ལྕང་སོན་རྟེན་གཞིའི་ལས་མི་ཚེ་རིང་དོན་གྲུབ།
     གྲ་ནང་རྫོང་གི་གྲམ་ཐང་ཞིང་རའི་དེང་རབས་ཞིང་ལས་རྣམ་གྲངས་རྟེན་གཞི་ནས་ཀྲུང་ཁྲེ་ལྷོ་ཁའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་། ཟངས་རྫོང་གི་སྐྱེ་ཁམས་ལྕང་སོན་ར་བ་བཅས་ལྷོ་ཁ་གྲོང་ཁྱེར་གྱིས་ཐོན་ལས་དར་རྒྱས་གཏོང་རྒྱུ་གཞིར་བཟུང་སྟེ་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང་མང་ཚོགས་ལས་ཞུགས་ཐུབ་ནས་ཡོང་འབབ་འཕར་རྒྱུར་མཉམ་དུ་སྐུལ་འདེད་བཏང་ཡོད། ཚན་རྩལ་གྱིས་དེང་རབས་ཞིང་ལས་ལ་ཕན་ནུས་ཐོན་པ་དང་། སྔོ་ལྗང་ཅན་གྱི་འཕེལ་རྒྱས་ལ་སྣེ་ཁྲིད། སྐྱེ་ཁམས་ཐོན་ལས་ཀྱིས་སྐྱེ་ཁམས་འགོག་སྲུང་བརྟན་པོ་བསྐྲུན་པས། “ཐོན་ལས་དར་རྒྱས་དང་། ཁོར་ཡུག་མཛེས་པ། མང་ཚོགས་ཕྱུག་པའི”མཛེས་སྡུག་ལྡན་པའི་ཁོར་ཡུལ་མཉམ་དུ་གཏོད་ཡོད། ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་བརྟན་བྱུང་བ་དང་། འཚོ་བ་ཡག་ཏུ་སོང་བ། ཕ་ཡུལ་གྱི་འཕོ་འགྱུར་བཅས་བདེན་དཔང་ཐུབ་པས། ལྷོ་ཁའི་མང་ཚོགས་ཚོས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་ཡིད་ཆེས་ཆེན་པོས་བསྐྱོད་བཞིན་ཡོད།