ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

གྲོགས་པོ་ལགས། མགྱོགས་པོ་ཕེབས། བོད་ཀྱི་རྣམ་པ་གསར་པར་གཟིགས།(སྟོད་ཆ)

སྤེལ་དུས 2025-10-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
བོད་ལྗོངས་ཉིན་རེའི་ཚགས་པར་དང་འོད་ཟེར་ཉིན་རེའི་ཚགས་པར་གྱི་མཉམ་འབྲེལ་བརྟག་ཞིབ་ཚོགས་ཆུང་གིས།
འདི་ནི་ལྷ་ས་སྐྱིད་ཆུའི་ཐོག་གི་གཉེན་བསུའི་ཟམ་པ་ཡིན་པ།
  《གྲོང་གསར་བསྐོར་བ》ཞེས་པའི་གླུ་གཞས་འདི་ཁྱེད་ཀྱིས་གསན་མྱོང་ཡོད་ཤག་རེད།
  དུས་རབས་20པའི་ལོ་རབས་ལྔ་བཅུ་པར་བརྩམས་པའི་གླུ་གཞས་འདི་ནི་ད་བར་དར་ཁྱབ་ཆེན་པོ་བྱུང་ཡོད། གཞས་འདི་ནི་ཕ་དང་བུ་མོའི་དྲི་བ་དྲིས་ལན་གྱི་རྣམ་པའི་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་བོད་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སར་གནམ་ས་བླ་འོག་ཏུ་གྱུར་པ་ལྟ་བུའི་འགྱུར་ལྡོག་བྱུང་བར་ཕུལ་བའི་བསྟོད་གླུ་ཞིག་རེད།
  གལ་ཏེ། ཕ་དང་བུ་མོས་སྐབས་དེ་དུས་མཐོང་བའི་རྣམ་པ་དེར་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད་ན། ད་ཆའི་བོད་ཀྱི་རྣམ་པ་ནི་དེ་བས་ཉམས་དགའ་བ་ཞིག་ཡོད་མ་ཡིན་ནམ།
  སྟོན་མཇུག་ཏུ། བོད་ལྗོངས་ཉིན་རེའི་ཚགས་པར་དང་འོད་ཟེར་ཉིན་རེའི་ཚགས་པར་གྱི་མཉམ་འབྲེལ་བརྟག་ཞིབ་ཚོགས་ཆུང་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་བསྐྱོད་དེ། མི་རིགས་ཁག་གི་མང་ཚོགས་དང་སྙིང་གཏམ་ཤོད་རེས་ཀྱིས་ཁོང་ཚོས་ཉེ་འགྲམ་གྱི་འཕེལ་རྒྱས་དང་དུས་རབས་ཀྱི་འཕོ་འགྱུར་གླེང་བར་ཉན་པ་མ་ཟད། ང་ཚོས་ཀྱང་འདམ་གྱིས་འཚོས་པའི་རྐང་པ་གཉིས་ལ་བརྟེན་ནས་གནས་འདི་གའི་རི་ཀླུང་དུ་བསྐྱོད་དེ་ལས་རིགས་ཀྱི་མཐོང་སྣང་ནས་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ལ་ཉམས་ཞིབ་ཟབ་མོ་བྱས་པ་ཡིན།
  ཕེབས་དང་། མགྱོགས་པོ་ཕེབས། མཉམ་དུ་བོད་ཀྱི་རྣམ་པ་གསར་པར་གཟིགས་པར་ཕེབས།
  མེས་པོས་ང་ཚོར་བཞག་པའི“ཁམ་སྡོང་གླིང་ཁ”
  བརྗོད་མཁན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི། སྤེན་པ།
  ང་ཚོའི་གྲོང་ཚོ་མི་རབས་ནས་མི་རབས་བར་ཞིང་ལས་བྱེད་ཀྱི་ཡོད། ས་ཞིང་མང་པོ་མེད་ཁར། སད་མི་རྒྱག་པའི་དུས་ཚོད་ཐུང་ཐུང་ཡིན་པས། ལོ་ཏོག་ནམ་དུས་གཅིག་མ་གཏོགས་འདེབས་ཐུབ་ཀྱི་མེད། ལོ་ཏོག་གི་སྣ་ཁའང་ནས་དང་པད་ཁ་ཕུད་པའི་གཞན་མེད།
  རང་བྱུང་ཆ་རྐྱེན་འདི་འདྲའི་འོག་གྲོད་པ་རྒྱགས་ཙམ་བྱུང་ན། ཕྱུག་པོ་ཆགས་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད།
  གྲོང་ཚོའི་མཐའ་བཞིའི་རི་སྟེང་དུ་རི་སྐྱེས་ཁམ་སྡོང་མང་པོ་ཡོད་པ་དང་། ཚང་མས་ཁམ་སྡོང་ནི་རིན་ཐང་མེད་པའི་ཤིང་ཆར་བརྩི་གི་ཡོད་པས། ཁྱིམ་ཚང་སུ་ཞིག་ལ་མེ་ཤིང་རྫོགས་ཚེ་དེ་དག་ནས་ཁམ་སྡོང་ཡལ་ག་གཅོད་ཀྱི་ཡོད། རི་སྐྱེས་ཁམ་སྡོང་གླིང་ག་འདི་དག་དཔག་བསམ་གླིང་དུ་གྱུར་སྲིད་པའི་བསམ་པ་གཏན་ནས་མེད།
  2002ལོར་ཉིང་ཁྲིས་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་དང་པོ་གཉེར་ཞིང་། ཡུལ་མི་ཚོའང་རྨོངས་གཉིད་ལས་སད་པ་ལྟར། རི་སྐྱེས་ཁམ་སྡོང་ནི“ནོར་གཞོང”ལྟ་བུ་ཡིན་པས་གང་མགྱོགས་སྲུང་སྐྱོང་བྱེད་དགོས་པའི་འདུ་ཤེས་གཞི་ནས་ཆགས།
  སྲིད་གཞུང་གི་རོགས་རམ་འོག ང་ཚོས་གྲོང་ཚོར་བསྐྱོད་སའི་ལམ་བུར་ཨར་འདམ་བཏིང་བ་དང་། ཡུལ་སྐོར་སྣེ་ལེན་ས་ཚིགས་བསྐྲུན་པ། ཆུ་གློག་དྲ་གསུམ་གྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ། ད་དུང་ཡུལ་མི་ཚོའི་སྒེར་གཉེར་ཚོང་ཁང་དེ་དག་གྲོང་ཚོས་མཉམ་སྡེབ་ཚོང་གཉེར་བྱེད་པར་བསྒྱུར་ནས་སྒོ་འཛིན་དང་། ཁྲོམ་བཀྱག དམངས་སྲོལ་གནས་ཚང་བཅས་ཚད་ལྡན་དུ་བཏང་བས། “ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་སྐད་གྲགས་ཆེ་རུ་སོང་བ་རེད།
  ཁམ་བུའི་མེ་ཏོག་དུས་ཆེན་རིང་འགྲུལ་རྒྱུན་ཆེ་བས། ཡུལ་མི་ཚོས་འོས་འགན་དང་དུ་བླངས་ནས་གསང་སྤྱོད་དང་རླངས་འཁོར་འཇོག་སར་གཙང་སྦྲ་བྱེད་ཀྱི་ཡོད། ཚང་མས་འཚོ་བ་ཡག་པོ་ནི་སྐྱེ་ཁམས་བཟང་པོ་ལས་བྱུང་ལ་ཡུལ་སྐོར་བ་དང་ང་ཚོས་མཉམ་དུ་བཏོད་པ་ཞིག་ཡིན་པས། ཞབས་འདེགས་ཡག་པོ་ཞུས་ན་གཞི་ནས“ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་ལ་ངོ་གནོང་མི་དགོས་ཞེས་བརྗོད་ཀྱི་ཡོད།
  ལོ་བཞིའི་གོང་། སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་གྲོང་ཚོར་ཕེབས་ནས་ཡུལ་མི་ཚོས་ཁམ་བུའི་མེ་ཏོག་གི་ཐོན་ཁུངས་ལ་བརྟེན་ནས་འཚོ་བ་ཡག་པོ་སྐྱེལ་བཞིན་ཡོད་པ་གཟིགས་སྐབས། དགྱེས་ཚོར་ཆེན་པོས“འདི་ནི་མེས་པོས་ཁྱེད་ཚོར་བཞག་པའི་ཕན་བདེ་དང་། ཁྱེད་ཚོར་སྤྲད་པའི་ཁམ་སྡོང་གླིང་ཁ་ཞིག་རེད”ཅེས་གསུངས་བྱུང་།
  ཐབས་བཟང་སྲོལ་བཟང་ལ་བརྟེན་ནས“རང་ཁ་རང་གསོ་ཐུབ་པའི་འབྲུ་རིགས”ཀྱི་གནས་ཐང་འཕར་བ།
  བརྗོད་མཁན། བོད་ལྗོངས་རྒྱལ་རྩེ་རྫོང་བོད་ལྗོངས་ནས་འབྲུ་ཞིབ་འཇུག་ཞིང་ལས་ཚན་རྩལ་ཀུང་སིའི་འཁོར་ཁང་གི་འགོ་འཛིན་པ། བཀྲ་ཤིས་ནོར་བུ།
  ཚང་མས་ང་ཚོ་རྒྱལ་རྩེ་རྫོང་གནས་སའི་མྱང་ཆུ་ལུང་གཞུང་ལ“བོད་ཀྱི་འབྲུ་མཛོད”དང“འཛམ་གླིང་ནས་འབྲུའི་ཕ་ཡུལ”ཞེས་འབོད་ཀྱི་ཡོད། ཡིན་ནའང་ནས་འབྲུ་ནི་སྔོན་ཆད་མི་རབས་མང་པོའི་རིང་ལ“རང་ཁ་རང་གསོ་ཐུབ་པའི་འབྲུ་རིགས”ཙམ་རེད།
  2023ལོར་འཇར་མན་དུ་གཉེར་བའི་འཛམ་གླིང་གི་མན་པའོ་ལེགས་སྐྱེས་འགྲན་བསྡུར་ཐོག ཀྲུང་གོའི་འཐུས་མི་རུ་ཁག་གིས་ཧྥ་རན་སེ་དང་། རི་པིན། འཇར་མན་སོགས་ཚ་སྐམ་ལག་རྩལ་སྐད་གྲགས་ཆེ་བའི་རྒྱལ་ཁབ་ལས་རྣམ་པར་བརྒྱལ་ཏེ། སྤྱི་ཡོངས་ཀྱི་ཨང་དང་པོ་དང་རྣམ་གྲངས་རྐྱང་པའི་ཨང་དང་པོ་གཉིས་བླངས་ཤིང་། སྐབས་དེ་དུས་འགྲན་བསྡུར་ལ་ང་ཚོའི་ཕ་ཡུལ་ནས་ཐོན་པའི་ནས་རྩམ་སྤྱད་པ་གོ་ཐོས་བྱུང་།
  དེ་ཐོས་སྐབས་ང་ཚོ་ཧང་སངས་བྱུང་།
  ནས་ལ་ཕྱེ་བཅུད་ཉུང་བ་དང་བཟའ་དུས་རྩུབ་པའི་གནད་དོན་ཇི་ལྟར་སེལ་དགོས་སམ། ཧྲང་ཧའེ་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་འབྲེལ་ཟམ་བཙུགས་པ་བརྒྱུད། ང་ཚོས“ནས་རྩམ”ཐོན་སྐྱེད་ཀྱི་བཟོ་འཁོར་ཞིག་ནང་འདྲེན་བྱས་ནས་ཁེ་ལས་མང་པོ་ཞིག་དང་མཉམ་ལས་བྱས་ཏེ་ནས་ཀྱི་རྒྱ་ཐུག་དང་། མེན་པའོ། བཏུང་བྱ་སོགས་ཐོན་སྐྱེད་བྱས་ཡོད། ད་ཆ་ང་ཚོའི་ནས་ཀྱི་བཟའ་བཅའ་སྣ་ཁ་40ལྷག་ཙམ་ཟིན་གྱི་ཡོད།
  བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་འོག ང་ཚོའི་ནས་ཀྱི་ཐོན་རྫས་ཧྲང་ཧའེ་ཙམ་མ་ཟད་རྒྱལ་ཡོངས་ཀྱི་ས་ཆ་མང་པོ་ཞིག་ཏུ་འཚོང་གི་ཡོད། ན་ནིང་དཔྱིད་གསར་དུས་ཆེན་རིང་རྒྱལ་ཡོངས་ཀྱི་ཧོ་མཱ་སྒོ་རྩིས་ཚོང་ཁང་300ལྷག་ཙམ་ནས་ང་ཚོའི་ཐོན་རྫས་འཚོང་གི་ཡོད། ནས་ཀྱི་མེན་པའོ་དང་། ནས་བསྲེས་རོ་བརྒྱད་མངར་ཟས། ལོ་སྒྲིལ་ནས་ཆན། ནས་ཡོས། བཏུང་བྱ་སོགས་ཀྱི་ཐོན་རྫས་ཀྱང་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད།
  ཤང་ཤང་དུ་རྒྱུ་བའི་ཆུ་བོ་ཡོང་འབབ་ལ་གྱུར་པ།
  བརྗོད་མཁན། བོད་ལྗོངས་བཞད་མཐོང་སྨོན་རྫོང་གི་ཁྱིམ་ཚང་ཆུ་ཚན་གཉེར་སྐྱོང་མཁན། བསོད་ནམས་དབང་འདུས།
  ང་སྐྱེས་ས་ཆབ་ཁ་གྲོང་ཚོར་ཡིན། ལོ་19ནས་ཕྱིར་གླ་པ་རྒྱུག་པར་བསྐྱོད་པ་ཡིན། ཐེངས་གཅིག་ལས་ཡུལ་ནས་ལོག་ཡོང་སྐབས། སྨི་བཅུ་ལྷག་ཙམ་གྱི་སར་གནས་པའི་ཆུ་ཚན་ནང་མི་ཁ་ཤས་གཟུགས་པོ་འཁྲུ་བཞིན་པ་མཐོང་བྱུང་། སྐབས་དེ་དུས་ཆར་པ་འབབ་ཀྱི་ཡོད་མོད། འོན་ཀྱང་ཁོང་ཚོས་ཆར་གདུགས་ཆེན་པོ་ཞིག་བརྒྱབ་ནས་སྔར་བཞིན་སྤྲོ་སྣང་ཆེན་པོས་ཆུ་ཚན་རྒྱག་བཞིན་འདུག
  དེ་རྗེས་ང་ཕ་ཡུལ་དུ་ལོག་ནས་ཆུ་ཚན་ལ་བརྟེན་ཏེ་ཚོང་རྒྱག་རྒྱུའི་བསམ་ཚུལ་བྱུང་། ལྕགས་ཤོག་གི་ཁང་པ་ཁ་ཤས་ནང་ཨར་འདམ་གྱི་ཆུ་རྫིང་ཁ་ཤས་བརྒྱབ་རྗེས་ཆུ་ཚན་གྱི་ཆུ་དེར་དྲངས་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་ཆུ་ཚན་རྒྱག་མཁན་ཇེ་མང་དུ་ཕྱིན་སོང་།
  ངས་ཁྱིམ་ཚང་ཆུ་ཚན་གཉེར་སྐྱོང་ཡག་པོ་བྱེད་ཀྱི་ཡོད། 2019ལོར་རི་པིན་དུ་རྟོག་ཞིབ་བྱེད་པར་འགྲོ་བའི་གོ་སྐབས་རྙེད་པས། རི་པིན་གྱི་ཆུ་ཚན་ཐོན་ལས་ཡག་པོ་ཡོད་པ་གོ་ཐོས་བྱུང་རྗེས་རང་ཉིད་ཀྱིས་འགྲོ་སོང་བཏང་སྟེ་རི་པིན་དུ་སློབ་སྦྱོང་ལ་ཕྱིན་པ་ཡིན།
  རི་པིན་དུ་འབྱོར་རྗེས་ཁོང་ཚོའི་ཆུ་ཚན་ཁང་དུ་སྣེ་ལེན་ཞབས་ཞུ་ནས་རྒྱུན་གཏན་གྱི་བདག་སྐྱོང་བར་ཚང་མ་ཧ་ཅང་ཚགས་ཚུད་པོ་འདུག་པས་དེ་དག་མཐོང་རྗེས་ངོ་ཅུང་ཟད་གནོང་བྱུང་། དཔེར་ན། ཆུ་རྫིང་འཁྲུ་སྐབས་ཕག་ཟེ་ཆུང་ཆུང་གིས་སྲུབས་ཀ་མི་ལུས་པར་གཙང་མར་འཁྲུད་ཀྱི་ཡོད་ལ། ཆུ་ཚན་གྱི་ཆུ་སྤུས་ཐད་ལའང་སྐུ་མགྲོན་གྱི་དགོས་མཁོ་གཞིར་བཟུང་རིགས་ཕྱེ་འདུག སྐབས་དེར། ངས་གཞི་ནས་ཆུ་ཚན་ལ་བརྟེན་ནས་ཚོང་རྒྱག་པ་ནི་སྐུ་མགྲོན་ལ་ཆུ་ཚ་པོ་མཁོ་འདོན་བྱ་རྒྱུ་ཙམ་མིན་པ་ཤེས་བྱུང་།
  ཚུར་ལོག་རྗེས། ངས་ཐོག་མར་ཞབས་ཞུ་དང་གཙང་སྦྲ་འཕྲོད་བསྟེན་ལེགས་སུ་གཏོང་བ་ནས་འགོ་བརྩམས་ཤིང་། སྔོན་ཆད་སྐུ་མགྲོན་ཆུ་ཚན་རྒྱག་པར་ཡོང་སྐབས་གྱོན་གོས་གང་བྱུང་སར་འབུད་ཀྱི་ཡོད། འོན་ཀྱང་ད་ཆ་ཆེད་མངགས་གོས་བརྗེ་སའི་ཁང་པ་དང་། ཅ་དངོས་བླུག་སྒམ་དང་རྐུབ་སྟེགས་གཙང་མ་སྒྲིག་སྦྱོར་བྱས་ཡོད་ལ། ཉིན་ལྟར་འཁྲུས་གཞོང་གཙང་མར་བཀྲུ་བ་དང་རྐང་གདན་བརྗེ་བ་མ་ཟད། ཁུག་ཁུག་གསེང་གསེང་ཚང་མ་གཙང་མར་འཕྱིས་ཀྱི་ཡོད།
  ངས་ད་དུང་ཆེད་མི་བོས་ནས་ཆུ་ཚན་གྱི་གཏེར་རྫས་འདུས་ཚད་ལ་ཞིབ་དཔྱད་ཚད་ལེན་དང་དབྱེ་ཞིབ་བྱས་ཏེ། བདེ་སྲུང་གི་ཕན་ནུས་གསལ་རྟོགས་བྱས་པ་མ་ཟད། ཆུ་ཚན་རྒྱག་པར་འཚམ་པའི་མི་ཚོགས་ཀྱང་དབྱེ་བ་ཕྱེ་བ་ཡིན། ངས་དེའི་སྐོར་གྱི་རྒྱུན་ཤེས་ཁྱིམ་ཚང་ཆུ་ཚན་རྒྱག་སའི་མངོན་གསལ་དོད་སར་སྦྱར་བ་སོགས་བྱས་པས། ཐབས་ཤེས་ཆུང་ཆུང་དེ་དག་ལས་ཆུ་ཚན་རྒྱག་པར་ཡོང་མཁན་ཇེ་མང་དུ་ཕྱིན་སོང་།
  རྒྱ་སྐྱེད་དང་བསྐྱར་སྐྲུན་ཐེངས་གཉིས་བྱས་རྗེས། ད་ལྟ་ཁྱིམ་ཚང་ཆུ་ཚན་རྒྱག་སར་སྨི་ངོས་གྲུ་400ལྷག་ཙམ་དང་ཁང་མིག་10ཡོད། ན་ནིང་ཆུ་ཚན་རྒྱག་པར་ཡོང་མཁན་མང་ཤོས་སྐབས་ཉིན་གཅིག་ལ་མི་200ལྷག་ཙམ་ཟིན་པ་དང་ལོ་མཇུག་ལ་རྩིས་རྒྱག་སྐབས་ཡོང་འབབ་སྒོར་ཁྲི་དྲུག་ཅུ་ལྷག་ཙམ་བྱུང་།
  བརྟག་ཞིབ་ཚོགས་ཆུང་གི་ཟིན་བྲིས།
  “ཁམ་སྡོང་གླིང་ག”དང་། “ཕྱུག་འགྱུར་གྱི་འབྲུ་རིགས” “ཁྱིམ་ཚང་ཆུ་ཚན”བཅས་འདུ་ཤེས་ལ་འགྱུར་ལྡོག་བཏང་རྗེས་ཐབས་ལམ་མང་དུ་ཕྱིན་པའི་གཏམ་རྒྱུད་འདི་ལྟ་བུ་བརྟག་ཞིབ་ཚོགས་ཆུང་གིས་ལམ་བར་དུ་ཧ་ཅང་མང་པོ་ཞིག་མཐོང་བྱུང་།
  ས་བབ་སྨི་4700ཡོད་པའི་བྱང་ཐང་འབྲོག་རར་འབྲི་གཡག་གཅིག་ནས་ཐོན་རྫས་རིགས་བཅུ་གྲངས་ལས་སྣོན་ཞིབ་ཚགས་བྱེད་ཐུབ་པས། རིན་གོང་ཡང་ལྡབ་འཕར་བྱུང་བ་དང་། སྣང་རྫོང་གི་ཞིང་ནང་དུ་སུར་པན་མང་པོ་བཏགས་ཡོད་ལ། “ཐད་གཏོང་ཟོག་ཚོང་མཁན”ཚོས་དྲ་རྒྱའི་ཐད་གཏོང་བརྒྱུད་སུར་པན་བཙོངས་པ་བྲིན་ཁ་ཧ་ཅང་རྒྱུག་ལ། དྲ་ཐོག་མངགས་ཐོ་ཡང་ཧ་ཅང་མང་པོ་འབྱོར་བ།
  བརྗིད་ཆགས་ཉམས་དགའ་བའི་འཁྱགས་རོམ་དང་། ལྷིང་འཇགས་ཀྱི་བླ་མཚོ། རྣམ་པར་བཀྲ་བའི་དམངས་སྲོལ་ཡུལ་ལྗོངས་སོགས། སྔོན་ཆད“སྦས་ཡུལ”ལྟ་བུར་གྱུར་པའི་བོད་ཡུལ་གྱིས་ཡུལ་སྐོར་བར་བསུ་བ་ཞུ་བ་དང་། མི་རྣམས་ལ“སྙན་ངག་ནང་གི་སྐྱེད་ཚལ”ལྟ་བུའི་ཉམས་ལེན་ཞིག་སྟེར་བ་ལ་སོགས།
  རི་ཆུའི་ཁོར་ཡུག་མ་ཉམས་སོར་གནས་ཀྱང་། དེ་སྔའི་དབུལ་ཕོངས་ཀྱི་འཚོ་བར་སྔ་ས་ནས་འགྱུར་ལྡོག་ཕྱིན་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།
  བཅར་འདྲི་བྱེད་རིང་། ལོ་ན་གཞོན་པའི“འབྲོག་རའི་སྦྱིན་བདག”གིས་མྱོང་ཚོར་ཟབ་མོས། གནད་དོན་ལ་ལྟ་སྟངས་འགྱུར་བ་དང་ཐོན་ཁུངས་ལ་ངོས་འཛིན་བྱེད་སྟངས་གྱུར་བས། ཕྱུག་འགྱུར་གྱི་ཐབས་ལམ་ཡང་རང་བཞིན་གྱིས་མང་དུ་ཕྱིན་སོང་ཞེས་བཤད།
  ད་ཆའི་བོད་དུ་རིག་གནས་ཡུལ་སྐོར་དང་། ལྗང་མདོག་བཟོ་ལས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་སོགས་ཐོན་ལས་ཆེན་པོ་དགུ་འཕེལ་རྒྱས་ཀྱི་མགྱོགས་ལམ་དུ་བསྐྱོད་ཡོད། ན་ནིང་བོད་ཀྱི་འགག་རྩའི་དཔལ་འབྱོར་དམིགས་ཚད་མང་པོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།