དིང་རིའི་གནོད་འཚེའི་ཁུལ་གྱི་མང་ཚོགས་ཁང་པ་གསར་པར་སྤོས་འདུག
སྤེལ་དུས 2025-10-23
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
སྤྱི་ཟླ་10ཚེས་20ཉིན། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་སོ་ཤང་དང་། མཚོ་སྒོ་ཤང་། ཆུ་ལྷོ་ཤང་བཅས་ས་ཡོམ་གནོད་འཚེ་ཚབས་ཆེན་ཕོག་པའི་ཤང་གསུམ་གྱི་གཅིག་གྱུར་འཆར་འགོད་འཛུགས་སྐྲུན་རྣམ་གྲངས་ཀྱི་མཐའ་མའི་མང་ཚོགས་རྣམས་ཁང་པ་གསར་པར་ཁྱིམ་ཆས་སྤོས་པ་དང་བསྟུན་ནས་དིང་རི་རྫོང་གི་གྲོང་ཚོ་ཧྲིལ་པོའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ནས་མཇུག་འགྲིལ་བ་མཚོན་ཡོད། དེས་ན་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་པའི་ཤང་གསུམ་གྱི་སྲིད་འཛིན་གྲོང་ཚོ་27གྱི་གནོད་འཚེ་ཕོག་པའི་དུད་ཚང་2177སྡོད་ཁང་གསར་པར་སྤོས་ནས་དགུན་གྱི་དྲོད་འཇམ་ཉི་འོད་འོག་བདེ་སྐྱིད་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད།
སྤྱི་ལོ་2025ལོའི་ཟླ་1ཚེས་7ཉིན། དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དེས་དེ་ཁུལ་གྱི་ཁང་པ་མང་ཆེ་བར་ཚད་གཞི་འདྲ་མིན་གྱི་གཏོར་སྐྱོན་ཕོག་ནས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ལ་བདེ་འཇགས་ཉེན་ཁ་ཚབས་ཆེན་དང་། ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ཆེན་པོ་བཟོས་ཡོད། དིང་རི་རྫོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་དགོངས་པ་མཐའ་འཁྱོངས་བྱས་ནས་གེགས་རྗེས་བསྐྱར་སྐྲུན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་དམངས་འཚོའི་ལས་གྲྭ་གཙོ་བོར་བརྩིས་ནས་ལག་བསྟར་བྱས་ཡོད།
གྲོང་ཚོ་ཧྲིལ་པོའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་ནང་། དིང་རི་རྫོང་གིས་ས་ཡོམ་རིམ་པ་8འགོག་ཐུབ་པའི་ཚད་གཞི་དོན་འཁྱོལ་ནན་པོ་བྱས་པ་དང་། ལས་གྲྭའི་སྤུས་ཚད་འགན་ལེན་ནན་པོ་བྱས་ཏེ། ཁང་པ་ཡག་པོ་བསྐྲུན་ཐུབ་པའི་འགན་ལེན་བྱས་ཡོད། དུས་མཚུངས་སུ་བཀོལ་སྤྱོད་ནུས་པ་དང་འཚོ་བའི་གོམས་གཤིས་ལ་གཞིགས་ནས་ཁང་པ་བཟོ་དབྱིབས་མི་འདྲ་བ་དྲུག་འཆར་འགོད་བྱས་ཏེ། དུད་ཚང་མི་འདྲ་བའི་དགོས་མཁོ་སྐོང་ནས་མང་ཚོགས་ཁང་པ་གསར་པའི་ནང་སྐྱིད་པོ་དང་བག་ཕེབས་ཡོང་བ་བྱས་ཡོད།
བསྐྱར་སྐྲུན་བྱས་པའི་གྲོང་ཚོའི་ནང་། བོད་བཟོའི་ཁང་པ་ཚམ་ཚོམ་དུ་བརྒྱབ་ཡོད་པ་དང་། གཙང་སྦྲ་དོད་པའི་ལམ་བུ་རྒྱང་དུ་བསྲིང་ཡོད། ཁང་པ་གསར་པའི་ནང་བོད་ལུགས་ཀྱི་ཁྱིམ་ཆས་དང་དེང་རབས་ཀྱི་སྒྲིག་ཆས་བཀོད་སྒྲིག་བྱས་ཤིང་། རྒྱ་ཆེ་ལ་དཀར་ཆ་དོད་པོ་ནི་དེ་སྔོན་གྱི་ཁང་པ་རྙིང་པས་བསྡུར་ཐབས་བྲལ། ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ་སོགས་རྨང་གཞིའི་སྒྲིག་ཆས་ཁྱོན་ཡོངས་ནས་རིམ་སྤོར་བྱུང་བ་དང་། རིག་གནས་བྱེད་སྒོའི་ལྟེ་གནས་དང་། ལག་རྩེད་སྤོ་ལོའི་ཐང་སོགས་ཆ་སྒྲིག་སྒྲིག་བཀོད་འཐུས་སྒོ་ཚང་བས། སྡོད་ཁང་ཡོད་པ་ནས་སྡོད་ཁང་ཡག་པོ་ཡོད་པའི་བར་འཕེལ་འགྱུར་བྱུང་ཡོད།
གོམ་སྟབས་རྗེས་མར། དིང་རི་རྫོང་གིས་གྲོང་ཚོའི་བཀོད་པ་ལེགས་གཏོང་དང་། ཡུལ་སྲོལ་ཤེས་དཔལ་འཛུགས་སྐྱོང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་བཅས་གཅིག་གྱུར་དམ་འཛིན་བྱས་ཏེ་ཞི་མཐུན་མཛེས་སྡུག་གི་དཔེ་སྟོན་གྲོང་གསེབ་ཏུ་འཛུགས་སྐྱོང་དང་ཤང་གྲོང་དར་རྒྱས་དང་དམངས་འཚོ་ལེགས་གཏོང་མཉམ་འདུས་གཏིང་ཟབ་ཡོང་བ་བྱ་རྒྱུུ་རེད།