ཟངས་རིའི་བྲག་དཀར། མཛེས་ལྡན་གྲོང་གསེབ་ཀྱི་དཔེ་མཚོན་བསྡུས་རིས།
སྤེལ་དུས 2025-10-23
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
བྲག་དཀར་རོང་ནི་རོང་ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ་20ཡོད་པའི་ལྷོ་ནུབ་སར་གནས་པ་དང་། ཆ་སྙོམས་མཚོ་འཕགས་སྨི་4100ལྷག་ཡོད། དེ་གར་བདག་དཀར་དང་། སྤུ་ཆུང་། ཨེ་ཆུང་། ཕུ་པ། བར་རྩིས་བཅས་སྲིད་འཛིན་གྲོང་ཚོ་5ཡོད། 2019ལོའི་ཟླ12པར། བོད་རང་སྐྱོང་ལྗོངས་ཡོངས་སུ་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད་མོད། རོང་དེར་རང་བྱུང་ཐོན་ཁུངས་དཀོན་པ་དང་གནམ་གཤིས་ཆ་རྐྱེན་ཞན་པ། ས་གཤིས་ཀྱི་གནོད་འཚེ་ཡང་སེ་ཐོན་པས། དབུལ་ལོག་ཐེབས་པའི་མངོན་མེད་རྐྱེན་ངན་སྔར་བཞིན་གནས་ཡོད།

རོང་དེའི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་གོ་སྐབས་དེ་2024ལོར་ཐོབ་ཡོད། དེ་ཡང་། ཟངས་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་འཕྲལ་ཐག་ཆོད་པོས་ཐབས་ཇུས་བཀོད་པ་དང་། ཡུའེ་ཡང་བོད་སྐྱོར་ལས་དོན་ཚོ་ཆུང་གིས་རོགས་འདེགས་ཧུར་ཐག་བྱས་པའི་འོག ཤང་གྲོང་དར་རྒྱས་དང་བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་དང་དེ་བཞིན་མང་ཚོགས་ཀྱིས་མ་དངུལ་རང་གྲབས་བྱས་པ་བརྒྱུད། སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་དང་ས་ཡ་དྲུག་བཏང་ནས་བྲག་དཀར་གྲོང་གསར་འཛུགས་སྐྲུན་བྱས་ཤིང་། དེ་སྔའི་སྲིད་འཛིན་གྲོང་ཚོ་ལྔ་པོ་དག་བྲག་དཀར་གྲོང་ཚོར་ཟླ་སྒྲིལ་བཏང་ནས་སྤྱི་ཡོངས་གནས་སྤོ་བྱས་པ་སྟེ། ཐེམ་དུད་200དང་མང་ཚོགས་800བདེ་བླག་ངང་དཀར་ཆ་དོད་པའི་ཁང་ཁྱིམ་གསར་པའི་ནང་སྤོས་ཡོད་པས། སྡོད་གནས་ལ་སེམས་ཁྲལ་ཡོད་པ་ནས་སྡོད་གནས་སྐྱིད་པའི་བར་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
སྒོ་རའི་ནང་བཞད་པའི་སྐལ་བཟང་མེ་ཏོག་དང་། ཁང་པའི་ནང་གི་དཔེ་གསར་ཅན་གྱི་བོད་བཟོའི་ཁྱིམ་ཆས། སྟབས་བདེ་བའི་དམངས་ཕན་ཞབས་ཞུ་ལྟེ་གནས། སྤྱི་སྤྱོད་རླངས་འཁོར་གྱི་ས་ཚིགས། ཉེ་འགྲམ་དུ་ཡོད་པའི་འཕྲོད་བསྟེན་ཁང་དང་བུ་བཅོལ་ཁང་སོགས་འགྱུར་ལྡོག་དེ་དག་གིས་ས་གནས་དེ་གའི་གྲོང་མིར་མྱོང་ཚོར་ཟབ་མོ་བྱུང་ཡོད་དེ། ཁོང་ཚོས། སྔོན་ཆད་རོང་ནང་དུ་སྡོད་སྐབས་སེམས་ཁྲལ་ཆེ་ཤོས་ནི་རྒན་རྒོན་དང་ཕྲུ་གུར་ནད་གཞི་ཕོག་པ་དེ་རེད། ད་ཆ་རང་ཁྱིམ་གྱི་སྒོ་ཁ་ནས་སྨན་བཅོས་བྱེད་ཐུབ་ལ་སྨན་ཡང་ཉོ་ཐུབ་པས། བློ་བདེ་རུ་ཞེ་དྲགས་ཕྱིན་སོང་། སྔོན་མ་ནི་འཚོ་བ་འཁྱོལ་དཀའ་བ་དང་། ད་ཆ་འཚོ་བ་བདེ་ཞིང་སྐྱིད་ཅེས་བརྗོད་ཡོད།
བྲག་དཀར་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་བཟང་ངག་དབང་གིས། གྲོང་ཚོ་གསར་པར་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་བུ་བཅོལ་ཁང་། འཕྲོད་བསྟེན་ཁང་སོགས་ཆ་སྦྱོར་འཛུགས་སྐྲུན་བྱས་ཡོད་པས། མང་ཚོགས་རྣམས་ཀྱི་འཚོ་བ་ཆ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཡོད། དེ་དང་ཆབས་ཅིག གྲོང་ཚོ་གསར་པའི་མཐའ་འཁོར་གྱི་ལྷོ་རི་བྱང་རིའི་སྔོ་ལྗང་ཅན་གྱི་རྣམ་གྲངས་ས་ཚིགས་དང་རྒུན་འབྲུམ་རྟེན་གཞི་སོགས་ཐོན་ལས་རྣམ་གྲངས་ཀྱིས་གནས་སྤོས་མང་ཚོགས་ལ་ཐག་ཉེ་སར་ལས་ཞུགས་བྱེད་པའི་གོ་སྐབས་རགས་ཡོད་པས། ཁྱིམ་གྱི་སྒོ་ཁ་ནས་ཡོང་འབབ་འཕར་སྣོན་བརྟན་པོ་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་ཡོད།
སྡོད་གནས་ལ་སེམས་ཁྲལ་ཡོད་པ་ནས་སྡོད་གནས་སྐྱིད་པའི་བར་དང་། བྱ་བ་སྒྲུབ་དཀའ་བ་ནས་བྱ་བ་ཚང་མ་འཁོན་ཐོགས་མེད་པར་སྒྲུབ་ཐུབ་པའི་བར། བྲག་དཀར་གྲོང་གསར་དུ་གནས་སྤོས་པའི་མང་ཚོགས་རྣམས་ཀྱི་འཚོ་བའི་འགྱུར་ལྡོག་ནི་ཟངས་རི་རྫོང་གི་བདེ་སྡོད་ལས་སྐྱིད་དང་ཞི་མཐུན་གྲོང་ཚོ་འཛུགས་སྐྲུན་གྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཡིན།