འདི་ནི་ཝང་ཅུན་ཀྲེང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ཀུ་ཐེ་ལེ་སིའི་འཐུས་ཚབ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྲུང་གོར་བཅའ་སྡོད་ཀྱི་འཐུས་ཚབ། ཨེ་ཤེ་ཡ་ཤར་མའི་དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན་དང་འཐུས་ཚབ་གཅིག་ལྕོགས་ཡིན་པའི་ཞཱ་ཙེ་ཧན་དང་མཇལ་འཛོམས་གནང་བཞིན་པ།
འདི་ནི་ཝང་ཅུན་ཀྲེང་གིས་དབྱི་སའེ་ཁེ་ཧུའུ་ཀྲོའུ་རུ་བཅའ་སྡོད་ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་དབང་ཆ་ཚང་མ་ཡོད་པའི་འཐུས་ཚབ་རི་ཅི་ཀེན་ནུའོ་ཧྥུའུ་དང་མཇལ་འཛོམས་གནང་བཞིན་པ།
2025ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཟླ་10ཚེས་27ནས་ཚེས་30ཉིན་བར་ཉིང་ཁྲིར་སྤེལ་རྒྱུ་ཡིན་ཞིང་། ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲིར་ད་ཐེངས་ཀྱི་གླེང་སྟེགས་སུ་ཞུགས་མཁན་ཕྱི་རྒྱལ་གྱི་སྲིད་ཕྱོགས་མི་སྣ་གལ་ཆེན་དང་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་དང་མཇལ་འཛོམས་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། ལིའུ་ཅང་བཅས་མཇལ་འཛོམས་ལ་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས་པ་དང་། ཁོང་ཚོས་དུས་ཡུན་རིང་པོའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སེམས་ཁུར་དང་། དོ་ཁུར། རྒྱབ་སྐྱོར་བཅས་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་གསུངས་དོན། ཏང་ཀྲུང་དབྱང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ནས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་གཏན་འབེབས་གསལ་པོ་གནང་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་བཏོན་པ་བཅས་གནང་ཡོད། ལྷག་པར་དུ། 2025ལོའི་ཟླ་8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལོ་ངོ་60ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་པ་དང་། གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། མིག་སྔའི་བོད་དུ་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ། སྐྱེ་ཁམས་བཟང་བ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་དབྱར་མཚོ་རྒྱས་པ་བཞིན་དར་རྒྱས་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་ཞིག་མངོན་བཞིན་ཡོད།
ཝང་ཅུན་ཀྲེང་གིས་གསུངས་དོན། འཚོགས་མ་ཐག་པའི་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་ཡོད། དེ་ནི་ཀྲུང་གོའི་ལམ་ལུགས་ལེགས་ཆའི་འབྱུང་ཁུངས་དང་ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་འགན་ལེན་བྱེད་ཁུངས་རེད་ལ། རྒྱལ་ཁབ་ཁག་གིས་ཀྲུང་གོར་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་ཐུན་མོང་འཕེལ་རྒྱས་དོན་གཉེར་བྱེད་པའི་གོ་སྐབས་ཀྱི་ཡོང་ཁུངས་ཀྱང་རེད། སྒོ་དབྱེའི་ས་ཁུལ་ལ་གསོན་ཤུགས་ཆེ་ཤོས་དང་སྒོ་དབྱེའི་དཔལ་འབྱོར་ལ་འགྲན་རྩོད་ནུས་པ་ཆེ་ཤོས་ལྡན་ཡོད། ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་གཉེར་བའི་དམིགས་ཡུལ་ནི། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྔར་བས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཁག་གི་གྲོགས་པོ་དང་མཉམ་དུ་བོད་ལྗོངས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་མོལ་བྱེད་པ་དང་། བོད་ལྗོངས་དང་འཛམ་གླིང་དབར་གྱི་སྤེལ་རེས་ལ་སྐུལ་འདེད་གཏོང་བ། སྒོ་དབྱེ་མཉམ་ལས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་རེད། གྲོགས་པོ་རྙིང་པ་བརྗེད་མི་རུང་བ་དང་གྲོགས་པོ་གསར་པ་མང་པོ་སྒྲིག་དགོས། ང་ཚོས་རྒྱལ་ཁབ་ཁག་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་བྱས་ནས། དཔལ་འབྱོར་ཚོང་དོན་དང་། རིག་གནས། ཡུལ་སྐོར། ཞིང་ལས། སྐྱེ་ཁམས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད། དེ་དང་དུས་མཚུངས་ཚང་མས་བོད་དུ་མང་ཙམ་ལྟ་བར་ཡོང་ནས་མཛེས་སྡུག་དང་། དར་རྒྱས། སྒོ་དབྱེ་བཅས་ཀྱི་བོད་ལྗོངས་ཤིག་རྒྱལ་སྤྱིའི་སྤྱི་ཚོགས་ལ་ངོ་སྤྲོད་བྱས་ཏེ། འཛམ་གླིང་གིས་བོད་ལ་རྒྱུས་མངའ་དེ་བས་ཡག་པོ་ལོན་པ་དང་བོད་དེ་བས་མགྱོགས་ནས་མྱུར་དུ་འཛམ་གླིང་ཕྱོགས་སུ་སྐྱོད་ཐུབ་པར་བྱ་རྒྱུའི་རེ་བ་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ཀུ་ཐེ་ལེ་སིའི་འཐུས་ཚབ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྲུང་གོར་བཅའ་སྡོད་ཀྱི་འཐུས་ཚབ། ཨེ་ཤེ་ཡ་ཤར་མའི་དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན་དང་འཐུས་ཚབ་གཅིག་ལྕོགས་ཞཱ་ཙེ་ཧན། དབྱི་སའེ་ཁེ་ཧུའུ་ཀྲོའུ་རུ་བཅའ་སྡོད་ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་དབང་ཆ་ཆ་ཚང་ཡོད་པའི་འཐུས་ཚབ་རི་ཅི་ཀེན་ནུའོ་ཧྥུའུ། སི་རི་ལན་ཁའི་ནོར་སྲིད་པུའི་རྒྱལ་དོན་པུའུ་ཀྲང་ཟུར་པ་ཞེ་ཧན·སའེ་མ་ཤིན་ཀེན། དབྱིན་ཇིའི་རྒྱལ་ཚོགས་ཀྱི་དབྱི་ཡོན་གྲོས་མི་ཟུར་པ་མ་ཁེ·ལུའོ་ཀེན་སོགས་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས་གཏམ་བཤད་གནང་ནས་བོད་ཀྱིས་བཀོད་སྒྲིག་ཚགས་ཚུད་དང་སྤྲོ་སེམས་འཁོལ་པོས་སྣེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་སོགས་ལ་ཐོབ་པའི་བོད་ཀྱི་གྲུབ་འབྲས་མངོན་གསལ་དོད་པོར་གདེང་འཇོག་མཐོན་པོ་གནང་བ་དང་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད། ཁོང་རྣམ་པས་ད་ཐེངས་ཀྱི་གླེང་སྟེགས་གོ་སྐབས་སུ་བརྩིས་ནས་བོད་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་བྱེད་སྟངས་ལ་སློབ་སྦྱོང་བྱས་ཏེ་སྤེལ་རེས་དང་འགྲོ་འོང་དམ་ཟབ་བྱས་ནས་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།
ད་དུང་མཇལ་འཛོམས་ནང་ཞུགས་མཁན་གྱི་གྲས་སུ། ནི་ཀྲེ་རི་ཡ་དང་། ཝེ་ནེ་ཙུའེ་ལ། དབྱི་ཐ་ལི། ཨུ་རུ་སུ་སོགས་རྒྱལ་ཁབ་ཀྱི་སྲིད་ཕྱོགས་མི་སྣ་གལ་ཆེན་དང་། ཐི་མོར་ཤར་མ་དང་། ཁོ་ལོམ་པི་ཡ། ཅ་མེ་ཁ། ཐུར་ཁེ། སི་རི་ལན་ཁ། ཀི་ནེ་ཡ། ཏོ་སྨི་ནི་ཁ་སོགས་རྒྱལ་ཁབ་ཀྱི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་དང་། དེ་བཞིན་ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིའི་འཐུས་ཚབ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དབང་ཧའེ་ཀྲོའུ་དང་། རེན་ཝེ། ཀུང་ཧུའེ་ཚའེ། ཞུས་ཀྲི་ཐའོ། ཀྲའོ་ཕུང་བཅས་ཡོད།