བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཇེ་མགྱོགས་སུ་ཕྱིན་པ།
སྤེལ་དུས 2025-11-13
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
གསར་འགོད་པས་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱས་པར། བོད་ཀྱི་གྲོང་ཁྱེར(ས་ཁུལ)7གྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་ཡོངས་ཁྱབ་མངོན་འགྱུར་བྱུང་ཞིང་། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རིམ་རྩིས་བརྒྱབ་ན། ཕྱིར་གཏོང་དངུལ་འབོར་སྒོར་ཁྲི་3000ཟིན་ཞིང་། དབྱར་རྩྭ་དགུན་འབུ་དང་། ཁ་ཆེ་ཤ་སྐམ། ས་མཐོའི་གཏེར་ཆུ་སོགས་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཁག་གཅིག་རྒྱལ་སྤྱིའི་ཁྲོམ་རར་བཏོན་ཡོད།
ད་ལོ་ཚུན་དུ། བོད་ཀྱི་དམིགས་བསལ་ཐོན་ཁུངས་དང་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་བྱ་ཐབས་12བཏོན་པ་དང་། ཁེ་ལས་ལ“ཕྱི་ཕྱོགས་ཚོང་དོན་གྱི་ལས་སྒོ་ཐོག་མར་སྒྲུབ་པའི”གསོ་སྐྱོང་འཆར་གཞི་ལག་བསྟར་བྱས་ཏེ། ཁེ་ལས་ཀྱི་མངགས་ཐོ་གཏན་འཁེལ་དང་ཟོག་འགྲེམས་འབྲེལ་མཐུད་དེ་འགག་སྒོ་ནས་གཏོང་བའི་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་མཛུབ་ཁྲིད་བྱས་པ་བརྒྱུད། བོད་ཀྱི་ཁ་ཆེ་ཤ་སྐམ་ཐོག་མར་ཕྱིར་གཏོང་ཐུབ་ཡོད།
འགག་སྒོ་ལས་སྒྲོལ་བའི་སྟབས་བདེ་ཅན་གྱི་སྒྱུར་བཅོས་ཐད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་འགག་སྒོའི་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ནས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་གི་རིག་ལྡན་འགག་སྒོའི་འཁོར་འབྲེལ་བསྐྲུན་པ་དང་། དྲ་ཐོག་ནས་རིམས་ནད་ཞིབ་བཤེར་གྱི་ལག་ཁྱེར་སྤྲོད་པ། སྔོན་ལ་འཕྲུལ་བཤེར་དང་རིག་ནུས་ཀྱིས་ཞིབ་བཤེར་སོགས་ཀྱི་སྟབས་བདེའི་བྱེད་ཐབས་སྤྱད་པ་མ་ཟད། “མཁའ་ལམ་eསྦྲེལ་མཐུད”སོགས“གསར་གཏོད་ཆུང་ངུའི”བྱེད་ཐབས་ཁྱབ་གདལ་བཏང་བ་དང་། “ས་ཁུལ་དང་འགག་སྒོ་མཉམ་འགུལ”གྱི་ལྟ་སྐུལ་བྱེད་ཐབས་གསར་གཏོད་བྱས་པས། ཁྱད་ལྡན་ཐོན་རྫས་འགག་སྒོ་ནས་ཕྱིར་གཏོང་བྱེད་པའི་དུས་ཚོད་20%ཐུང་དུ་ཕྱིན་ཡོད། རྒྱལ་ཡོངས་སུ་གཏེར་ཆུར་ཁག་ཐེངས་ཞིབ་བཤེར(རིམས་ནད་ཞིབ་བཤེར)བྱེད་པའི་ཕྱིར་གཏོང་ཚོད་ལྟའི་ལས་དོན་ཐོག་མར་སྤེལ་བས། ཆ་སྙོམས་ཞིབ་བཤེར་དུས་ཚོད་ཉིན་གསུམ་ཐུང་དུ་ཕྱིན་ཏེ། ཁེ་ལས་ཀྱི་ཟོག་འགྲེམས་ལས་ཕྱོད་70%ཆེ་རུ་འགྲོ་བར་སྣེ་ཁྲིད་ཐུབ་ཡོད། ཚོད་ལྟ་བྱས་ཚུན། གཏེར་ཆུ་སྒམ་15080འགག་སྒོ་ནས་མགྱོགས་མྱུར་སྒྲོལ་ཐུབ་པ་བྱུང་ཡོད།
སྤུས་ཚད་ནི་བོད་ཀྱི་ཁྱན་ལྡན་ཐོན་རྫས་ཕྱིར་གཏོང་བྱེད་པའི་རྨང་གཞི་ཡིན། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ས་གནས་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ཁྱད་ལྡན་ཐོན་རྫས་ཀྱི་ས་གནས་མཚོན་རྟགས་སྐྱེད་སྲིང་བྱས་ཏེ“སྐྱེ་ཁམས་ཀྱིས་མཐུན་རྐྱེན་སྦྱོར་བ་དང་རིག་གནས་དྲིལ་བསྒྲགས”ཀྱི་བྱེད་ཐབས་ཁྱབ་གདལ་བཏང་ནས། འདམ་གཞུང་གི་ཚགས་ཤ་སོགས་ཐོན་རྫས་ལ་ས་གནས་ཀྱི་ཚད་གཞི་བཟོ་བ་དང་ཐོན་སྐྱེད་ཀྱི་ལས་རིམ་དང་སྤུས་ཚད་ཀྱི་དམིགས་ཚད་ཚད་ལྡན་དུ་བཏང་སྟེ། སྤྱིར་བཏང་གི་ཞིང་འབྲོག་ཐོན་རྫས་ས་ཁོངས་ཀྱི་ཁྱད་ལྡན་མིང་བྱང་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། དབྱར་རྩྭ་དགུན་འབུ་སོགས་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་ལ་དམིགས་ནས། ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་རྣམ་གྲངས་32མང་དུ་བཏང་སྟེ“འབྱོར་མ་ཐག་ཞིབ་དཔྱད་ཚད་ལེན་དང་སྔོན་ལ་གཏོང་བའི”ཞབས་ཞུའི་བྱེད་ཐབས་ལག་བསྟར་བྱས་ནས་ཐག་རིང་ས་ཁུལ་གྱི་དཔེ་མཚོན་ཐོན་རྫས་བསྡུ་ལེན་དང་ཚོད་ལྟ་དབྱེ་ཞིབ་སོགས་ཀྱི་བརྒྱུད་རིམ་ལེགས་སུ་བཏང་བ་བརྒྱུད། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཁྱད་ལྡན་ཐོན་རྫས་ཁག་700ཙམ་ལ་ཞིབ་དཔྱད་ཚད་ལེན་ཐུབ་ཡོད།