ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

“གདིང་གཞི་གསལ་རྟོགས”ནས“རྒྱལ་སྤྱིའི་མདུན་གྲལ”བར་མཚོ་བོད་ཚན་རིག་རྟོག་ཞིབ་ཀྱི་དུས་རབས་ཕྱེད་ཀའི་མཆོང་སྐྱོད།

སྤེལ་དུས 2025-11-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  “ཚན་རིག་རྟོག་ཞིབ་ཐེངས་དང་པོ་ནི‘གདིང་གཞི་གསལ་རྟོགས་བྱེད་རྒྱུ’དེ་ཡིན་པ་དང་། ཐེངས་གཉིས་པ་ནི‘འགྱུར་ལྡོག་ལ་བལྟ་རྒྱུ་དང་། ཆོས་ཉིད་འཚོལ་རྒྱུ། ཐབས་ཇུས་འཚོལ་རྒྱུ’བཅས་རེད། དེ་གཉིས་པོའི་དུས་རབས་ཀྱི་རྒྱབ་ལྗོངས་དང་དམིགས་ཚད་བྱ་ཐབས་སོགས་ཀྱི་ཐད་གཏན་ནས་འདྲ་གི་མེད”ཅེས་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་རུ་ཁག་གི་རུ་དཔོན་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཡའོ་ཐན་ཏུང་གིས་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་ཀྱི་མི་འདྲ་བའི་ཆ་གླེང་སྐབས་དེ་ལྟར་བརྗོད་པ་རེད།
  དུས་རབས་གོང་མའི་ལོ་རབས་70པར། ཙུང་ལི་ཀྲོའུ་ཨེན་ལེ་ཡི་སྐུལ་འདེད་འོག མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་དང་པོ་དངོས་སུ་བྱེད་འགོ་ཚུགས་པ་རེད།
  ཀྲུང་གོ་ཚན་རིག་ཁང་གིས་སྣེ་ཁྲིད་པ་དང་། ལས་ཁུངས་80ཙམ་གྱི་ཚན་རིག་ཞིབ་འཇུག་མི་སྣས་དོས་སྐྱེལ་རླངས་འཁོར་དང་རྟ་ལ་བརྟེན་ནས་འགྲོ་སྐྱོད་བྱས་པ་དང་རྐང་ཐང་མར་མ་དཔེ་བསྡུ་ལེན། ས་གཤིས་ཐོ་བས་ཐིག་ལེན་ས་ཁྲ་འབྲི་བ་སོགས་བྱེད་པའི་སྲོལ་རྒྱུན་གྱི་བྱ་ཐབས་སྤྱད་དེ་ཕྱི་རོལ་དུ་རྟོག་ཞིབ་བྱས་ཤིང་། ཤོག་བུའི་ཐོག་གྲངས་གཞི་ཟིན་ཐོར་འགོད་པ་དང་དབྱེ་ཞིབ་བྱ་ཐབས་ཀྱང་བལྟོས་བཅས་ཀྱི་རྐྱང་པ་ཙམ་རེད།
  ཆ་རྐྱེན་ཞན་ཙམ་ཡིན་ཡང་ཐེངས་དེའི་ཚན་རིག་རྟོག་ཞིབ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་སྟེ། ཡངས་པ་ཅན་ས་འོག་ཚ་ཞིང་ཤེས་རྟོགས་བྱུང་བ་དང་། ཡར་ཀླུང་གཙང་པོའི་སྣུམ་རླངས་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་རྩད་ཞིབ་ཐུབ་ནས། བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་གྲངས་གཞིའི་དཔྱད་གཞི་མཁོ་འདོན་བྱས་པ་དང་། རང་རྒྱལ་གྱི་མཚོ་བོད་ས་མཐོར་ཞིབ་འཇུག་བྱེད་པའི་རྒྱལ་སྤྱིའི་གནས་བབ་ཀྱི་རྨང་གཞི་བཏིང་ཡོད་ལ། ལིའུ་ཏུང་ཧྲེང་དང་ཡེ་ཏུའུ་ཀྲེང་སོགས་ཀྱི་ཚན་རིག་མཁས་ཅན་མི་རབས་གསོ་སྐྱོང་བྱས་ཡོད།
  མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་འོག་གི་རྒྱལ་ཁབ་ཀྱི་འཐབ་ཇུས་ལས་གྲྭ་ཞིག་ཡིན་པས། དུས་རབས་ཀྱི་རྒྱབ་ལྗོངས་སྔོན་དང་མི་འདྲ་བར་གྱུར་ཡོད།
  ཡའོ་ཐན་ཏུང་གིས་བརྗོད་དོན། ད་ཐེངས་ཚན་རིག་རྟོག་ཞིབ་བྱེད་སྐབས“འགྱུར་ལྡོག་ལ་བལྟ་རྒྱུ་དང་། ཆོས་ཉིད་འཚོལ་རྒྱུ། ཐབས་ཇུས་འཚོལ་རྒྱུ”བཅས་ལ་དམིགས་ནས། ཚན་རིག་གི་མདུན་སར་དམ་པོར་དམིགས་ཡོད་ལ། མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པའི་དགོས་མཁོ་དང་དེ་བས་འབྲེལ་མཐུད་དམ་ཟབ་བྱས་ཏེ། རིག་ཚན་མང་པོ་སྣོལ་འདྲེས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུའི་ནན་བཤད་བྱས་ཡོད། དེའི་ནང་ཞུགས་མཁན་གྱི་གཞི་ཁྱོན་ཆེ་རུ་ཤུགས་ཆེན་ཕྱིན་ཞིང་། རྒྱལ་ཡོངས་ཀྱི་ལས་ཁུངས་222ཀྱི་མི་གྲངས་7000ལྷག་ཙམ་ཞུགས་པ་དང་། ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་3000ལྷག་ཙམ་ས་མཐོའི་ས་ཁོངས་ཡོངས་ཀྱི་འགག་རྩའི་ཁུལ་19ལ་ཁྱབ་པ་དེ་ཐོག་ནས་རྒྱལ་ཡོངས་མཉམ་རུབ་སྒྲིག་གཞི་གསར་པའི་ལེགས་ཆ་མངོན་ཡོད་པ་རེད།
  གལ་ཏེ་ཐེངས་དང་པོ་ནི་ཀྲུང་གོས་ས་མཐོའི“གདིང་གཞི”གསལ་རྟོགས་བྱས་པ་ཞིག་ཡིན་ན། ཐེངས་གཉིས་ནི“རྗེས་སྙེག”ནས“སྔོན་སྐྱོད”བར་གྱི་མཆོང་སྐྱོད་བྱུང་བ་ཞིག་རེད། ད་ཆ། མཚོ་བོད་ཚན་རིག་རྟོག་ཞིབ་དེ་ཚན་རིག་གི་གྲངས་གཞི་རག་པ་དང་ལག་རྩལ་གསར་གཏོད་ཐད་རྒྱལ་སྤྱིའི་མདུན་གྲལ་དུ་སླེབས་པ་མ་ཟད། ད་དུང“ཀྲུང་གོའི་ཇུས་གཞི”སྤྱད་དེ་གོ་ལ་ཧྲིལ་པོའི་སྐྱེ་ཁམས་བཅོས་སྐྱོང་ལ་དཔེ་མཚོན་མཁོ་འདོན་བྱས་ཡོད།