ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་གནམ་གཤིས་ཀྱི་དེང་རབས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ།

སྤེལ་དུས 2025-11-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་གནམ་གཤིས་བྱ་གཞག་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལས་ཤེས་རྟོགས་བྱས་པར་གཞིགས་ན། ལོ་ངོ་60ཡི་རིང་། བོད་ཀྱི་གནམ་གཤིས་བྱ་གཞག་རྨང་གཞི་ཞན་པ་ནས་མ་ལག་འཐུས་སྒོ་ཚང་དུ་ཕྱིན་པའི་བར་དང་། ལག་རྩལ་རྗེས་ལུས་ནས་གསར་གཏོད་ཀྱི་སྣེ་ཁྲིད་བར་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བྱུང་བ་དང་། གནམ་གཤིས་ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ། ཞབས་ཞུ་བཅས་ཀྱི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཞིང་། མིག་སྔར་ལྗོངས་ཡོངས་ཀྱི་གནམ་གཤིས་ཉེན་ཟོན་སྔོན་བརྡ་དམངས་ཡོངས་ལ་ཁྱབ་ཚད་92.02%དང་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་ཚད་ཕྱོགས་བསྡུས་མི་འབོར་ལ་ཁྱབ་ཚད་98.74%ཟིན་ཡོད།
  རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཏང་ཙུའི་ཧྲུའུ་ཅི་ཞང་ཡུས་དབྱི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་བོད་དུ་ས་ཁོངས་ཡོངས་ལ་ཁྱབ་པའི“ས་ངོས་དང་། བར་སྣང་། མཁའ་དབྱིངས”བཅས་ཀྱི་ཕྱོགས་བསྡུས་གནམ་གཤིས་ལྟ་ཞིབ་ཚད་ལེན་མ་ལག་བསྐྲུན་པ་དང་། 1965ལོའི་ས་ངོས་ཀྱི་གནམ་གཤིས་ས་ཚིགས་23ནས་1284བར་འཕར་ནས་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་ཡོངས་ལ་ཁྱབ་པ་དང་ས་ཚིགས་དབར་གྱི་ཆ་སྙོམས་བར་ཐག་སྤྱི་ལེ་228ནས་སྤྱི་ལེ་30.57བར་ཇེ་ཐུང་དུ་ཕྱིན་ཡོད། གནམ་གཤིས་ལེ་ཏ་33བསྐྲུན་པ་དང་མི་འབོར་ལ་ཁྱབ་ཚད་73.7%ཟིན་པ་མ་ཟད། རླུང་ཁམས་སྤྲིན་ཚོམ་དང་དབྱེ་འབྱེད་ནུས་པ་ཆེ་བའི་གྲུབ་ཆ་ཚུད་པའི་སྲུང་སྐར་20ཡི་གྲངས་གཞི་བསྡུ་ལེན་བྱས་པས། གནམ་གཤིས་གནོད་འཚེར་ལྟ་ཞིབ་ཚད་ལེན་གྱི་དུས་ནུས་རང་བཞིན་དང་། གནད་ལ་འཁེལ་ཚད། ཁྱབ་ཚད་བཅས་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།
  སྔོན་བརྡ་དང་ཉེན་ཟོན་སྔོན་བརྡའི་ནུས་པའི་ཐད་རང་ལྗོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས་ལག་པས་རི་མོ་བྲིས་ཏེ་ངོ་བོ་གཏན་འཁེལ་དབྱེ་ཞིབ་བྱེད་པ་ནས་རིག་ནུས་དྲ་བའི་གྲངས་ཚད་གཏན་འཁེལ་སྔོན་བརྡའི་བར་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཞིང་། སྔོན་བརྡ་གཏོང་བའི་དུས་ཡུན་ཆུ་ཚོད་24ནས་ཟླ་བ་རེ་དང་། དུས་ཚིགས་རེ། ལོ་རེ་བཅས་བར་མཚམས་མེད་སྣུར་སྲིང་ཐུབ་སྟེ། ལྗོངས་ཡོངས་ཀྱི་སྤྱི་ལེ་3དང་གཙོ་གནད་ས་ཁོངས་ཀྱི་སྤྱི་ལེ་1གི་ཆུ་ཚོད་རེར་གསར་སྒྱུར་བྱེད་པའི་རིག་ནུས་དྲ་བའི་སྔོན་བརྡའི་མ་ལག་བསྐྲུན་ཡོད།