འདི་ནི་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་དྲོད་རླངས་མཁོ་འདོན་ཁེ་ལས་ཀྱི་ལས་དོན་པ་ཞིག་གིས་སྒྲིག་ཆས་ལ་ཚོད་ལྟ་སྙོམས་སྒྲིག་བྱེད་བཞིན་པ།
ཟླ་བཅུ་གཅིག་པའི་ཟླ་འགོར་གྲི་གུ་རྩྭ་ཐང་དུ་ཁ་བ་བབས་ནས་གྲང་ངར་ཆེ་རུང་། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་སྒྲུབ་སྡེ་གྲོང་ཚོའི་ཡུལ་མི་སྤེན་པས་བྱང་ཆ་དོད་པོས་ཁྱིམ་གྱི་གྱང་ལྡེབས་ཀྱི་གཅུད་སྒོ་ཕྱེ་བ་ན། སྐར་མ་5ཡང་མི་འགོར་བར་ཚོམས་ཆེན་ཚ་སོབ་སོབ་ཏུ་གྱུར། ཁོང་གིས་ཇ་སྲུབས་མ་ཁ་གང་བཏུངས་རྗེས། “དྲོད་རླངས་འདི་ལྕགས་ཐབ་བཏང་བ་ལས་དྲོ་བ་འདུག་ལ། གྲང་ངར་ཆེ་བའི་དགུན་དུས་ཕྱིར་གོ་ཐལ་གཤོ་བར་འགྲོ་དགོས་མི་འདུག”ཅེས་བརྗོད་བྱུང་།
དེ་ཡང་། བོད་རང་སྐྱོང་ལྗོངས་ཀྱིས“ས་བབ་སྨི་3500ཡན་གྱི་རྫོང་གྲོང་དང་། ཤང་། གྲོང་རྡལ་བཅས་ལ་དྲོད་རླངས་དང་གསོ་རླུང་མཁོ་འདོན་བྱེད་པའི་ལས་གྲྭར”སྐུལ་འདེད་བཏང་བ་ལས་བྱུང་བ་ཞིག་རེད། རང་སྐྱོང་ལྗོངས་ཀྱི་དམངས་འཚོའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ལྷོ་ཁ་གྲོང་ཁྱེར་གྱི་བྱ་ཐབས་ཞིབ་ཕྲ་ཞིག་ཡིན་པའི་ངོས་ནས། ཉེ་ཆར་མཚོ་སྨད་རྫོང་གི་2025ལོའི་ལོ་འཁོར་གྱི་དགུན་དུས་དྲོད་རླངས་མཁོ་འདོན་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཏེ། སྨི་ངོས་གྲུ་ཁྲི་18.73ཟིན་པའི་རྫོང་གྲོང་དང་ཞིང་འབྲོག་དུད་ཚང་སྟོང་ལྷག་ཙམ“དྲོ་སོབ་སོབ་ཀྱི་དགུན་ཁ”ཞིག་སྐྱེལ་རྒྱུ་བྱུང་ཡོད།
“སྔོན་མ་སློབ་ཚན་ཉན་པར་འགྲོ་དུས་སྲིང་བལ་སྟོད་ཐུང་གསུམ་བརྩེགས་རྒྱག་དགོས་པ་མ་ཟད། ཕུ་འདྲེན་གྱི་སྣག་ཚ་ཡང་འཁྱགས་ཐེབས་ཀྱི་ཡོད”ཅེས་མཚོ་སྨད་གྲོང་རྡལ་ཆ་ཚང་སློབ་ཆུང་གི་ལོ་རིམ་གསུམ་པའི་སློབ་མ་བསྟན་འཛིན་ཟླ་བས་ལག་པ་འཕུར་གྱིན་སྔོན་གྱི་གནས་ཚུལ་ཕྱིར་དྲན་བྱས། ཆ་སྙོམས་ས་བབ་སྨི་4650ཟིན་པའི་རྫོང་གྲོང་ལ་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་26ཟིན་གྱི་ཡོད་པས། དྲོད་ཁུག་པ་དེ་དཀའ་གནད་ཅིག་ཏུ་གྱུར་ཡོད། 2022ལོར། ལྷོ་ཁ་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”དམངས་འཚོ་འགན་སྲུང་གི་འཆར་འགོད་ནང་མཚོ་སྨད་རྫོང་གྲོང་ལ་དྲོད་རླངས་མཁོ་འདོན་བྱེད་པའི་རྣམ་གྲངས་གཙོ་གནད་གསལ་ཐོར་བཅུག་སྟེ་མ་དངུལ་སྒོར་དུང་ཕྱུར་2.386བཏང་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད།
འགག་སྒྲོལ་ལོ་གཉིས་བྱས་མཐར་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། 2024ལོའི་ཟླ་བཅུ་པར“ཉི་ནུས་དང་མཁའ་རླུང་ནུས་པའི་ཚ་ཕུམ་ཟུང་འབྲེལ”གྱི་མ་ལག་བསྐྲུན་རྗེས། ད་ཆ་ཏང་སྲིད་ལས་ཁུངས་དང་། སློབ་གྲྭ། སྨན་ཁང་། དེ་བཞིན་སྤྱི་པའི་བོགས་གཏོང་ཁང་པ་བཅས་ལ་དྲོད་རླངས་རྒྱུན་ཆད་མེད་པར་གཏོང་བཞིན་ཡོད། དྲོད་གཏོང་ཁེ་ལས་ཀྱི་རྒན་ལིའུ་ལགས་ཀྱིས“མ་ལག་འདིས་ཉི་ནུས་ལ་བརྟེན་ནས་ཚ་ཤུགས་གསོག་པ་དང་གནམ་འཐིབ་སྐབས་ཚ་ཕུམ་ཁ་ཕྱེ་སྟེ་དྲོད་རླངས་གཏོང་ཆོག་པ་མ་ཟད། ཕྱིར་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ཟིན་ནའང་ཁང་པའི་ནང་དྲོད་ཚད་ཀླད་ཀོར་སྒང་གི་ཏུའུ་20ཡན་ཟིན་གྱི་ཡོད་པས། གཙང་བའི་ཁར་ཁོར་ཡུག་སྲུང་སྐྱོང་ཡང་ཐུབ་ཀྱི་ཡོད”ཅེས་སྤྱི་པའི་བོགས་གཏོང་ཐོག་ཁར་སྒྲིག་ཆས་ཉམས་བཟོ་བྱེད་སྐབས་དེ་ལྟར་བཤད།
གནས་བཞི་ཤང་གི་ཨར་པོའི་ལས་ཡུལ་དུ། བཟོ་པ་རྣམས་ཀྱིས་དུས་ཚོད་དམ་འཛིན་ངང་མདོང་ལམ་འདིང་བཞིན་ཡོད། ལོ་འདིའི་ཟླ་དགུ་པར་འོས་སྐུལ་རྣམ་གྲངས་ལག་ལེན་བསྟར་ནས་སྒོ་བསྡུས་ཤང་གི་དྲོད་རླངས་མཁོ་འདོན་ལས་གྲྭ་དང་མཉམ་དུ་མཚོ་སྨད་རྫོང་གི་ས་ཁོངས་ཧྲིལ་པོར་དྲོད་རླངས་མཁོ་འདོན་དྲ་བ་ཁྱབ་པར་བྱ་རྒྱུ་རེད། དེ་དག་ནི་ལྷོ་ཁ་གྲོང་ཁྱེར་གྱིས《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་དུ་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་ཆེད་དོན་འཆར་འགོད(2025ལོ་ནས་2030ལོ་བར)》ཀྱི་བྱ་སྤྱོད་དོན་འཁྱོལ་ཞིབ་ཕྲ་བྱས་པ་ལས་བྱུང་བ་ཞིག་རེད། མིག་སྔར། ལྷོ་ཁ་གྲོང་ཁྱེར་ཡོངས་ཀྱི་ས་བབ་སྨི་4000ཡན་གྱི་ཤང་དང་གྲོང་རྡལ་ལ་དྲོད་རླངས་མཁོ་འདོན་ཐུབ་ཡོད།
“རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པས‘ས་བབ་མཐོ་བ་ནས་དམའ་སར་དྲོད་རླངས་མཁོ་འདོན་བྱེད་རྒྱུ’ལག་ལེན་བསྟར་བས། ང་ཚོ་མཚོ་སྨད་ལ་སྔོན་ལ་ཕན་པ་ཐོབ་ཡོད”ཅེས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ལས་དོན་པས་དྲོད་རླངས་མཁོ་འདོན་གྱི་དཔེ་རིས་ལ་མཛུབ་མོ་བཙུགས་ནས་ངོ་སྤྲོད་བྱེད་བཞིན་དུ་བཤད། དཔེ་ཀློག་གི་སྒྲ་ལྷང་ལྷང་གྲགས་འོང་བའི་རྫོང་གྲོང་གི་སློབ་ཁྲིད་ཐོག་ཁང་ནས་ཕྲུ་གུ་དམར་འབྱར་གྱི་ངུ་སྐད་གྲགས་པའི་འབྲོག་ཁུལ་གྱི་སྡོད་ཁང་བར་གྱི་སྨི་ངོས་གྲུ་ཁྲི་18.73ཟིན་པའི་སར་དྲོད་རླངས་མཁོ་འདོན་ཐུབ་པ་ལས། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན་ལ། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱས་པ་ལས་དམངས་འཚོར་ཕན་འདོགས་པ་དང་འཕེལ་རྒྱས་གཏོང་ཤུགས་ཀྱང་མངོན་ཡོད།