—— ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས“སུས་ཁྲིམས་སྒྱུར་བྱས་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”འགན་འཁྲིའི་ལམ་ལུགས་ཟབ་གཏོང་གི་ལས་དོན་བསྒྲུབས་པའི་སྐོར་གྱི་ཟུར་བྲིས།
ལྷ་སའི་གྲོང་མིས་དགའ་པོ་བྱེད་པའི་རྫོང་རྒྱབ་ཀླུ་ཁང་ནང་མི་དམངས་ཉེན་རྟོག་པས་རྒྱ་བོད་སྐད་གཉིས་ཆུ་རྒྱུག་རྒྱུག་རྒྱག་བཞིན་ཞོགས་པའི་ལུས་སྦྱོང་བྱེད་པར་ཡོང་མཁན་མང་ཚོགས་ཚོར་ཁྲིམས་ལུགས་དང་ཁྲིམས་སྲོལ་སྐོར་འགྲེལ་བཤད་རྒྱག་བཞིན་མཆིས།
ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ས་ཚིགས་ཆུང་ངུ་དེ་2021ལོར་བཙུགས་ཚུན། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ལོ་ལྟར“1·10”ཡི་དྲིལ་བསྒྲགས་ཉིན་མོ་དང་། “5·15”ཡི་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་དོགས་ཟོན་གྱི་བདེ་འཇགས་ཉིན་མོ། “6·26”གི་རྒྱལ་སྤྱིའི་དུག་འགོག་ཉིན་མོ། “122”རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོ་སོགས་ཀྱི་དུས་སུ་ནང་དོན་ཕུན་སུམ་ཚོགས་ལ་གཙོ་འདོན་ལྡན་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་གྱི་ཡོད།
“བརྒྱད་ལྔ”ཁྲིམས་ལུགས་ཁྱབ་གདལ་གྱི་འཆར་འགོད་ལག་ལེན་བསྟར་ཚུན། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “སུས་ཁྲིམས་སྒྱུར་བྱས་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ། “དོན་དངོས་དང་། འཚོ་བ། མང་ཚོགས་བཅས་དང་ཉེ་བཅར”བྱེད་པའི་རྩ་དོན་ལ་བརྟེན་པ་བཅས་བྱས་ནས། ཁྲིམས་ལུགས་ཁྱབ་གདལ་གྱི་ལས་དོན་འཚོ་བའི་ཁྲོད་སྤེལ་བ་དང་། ཁྲིམས་སྐྱོང་གི་དགོངས་པ་མི་སེམས་ལ་གཏིང་ཟབ་ཟུག་སྟེ་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
ཚུགས་གནས་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་བཀོད་པ་གསར་པ་བཏོད་ཅིང་། ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱིས་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། “བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་གྱི་ལས་འགན་དང་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བས། རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་སྒྱུར་ཚད་ལྡན་ཅན་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ་མ་ཟད། ཁྲིམས་སྐྱོང་སྤྱི་བདེ་འཛུགས་སྐྱོང་ལ་སྐུལ་འདེད་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་འགན་སྲུང་ནུས་ལྡན་ཡང་ཐུབ་ཡོད་པ་རེད།
ཁྲིམས་སྒྱུར་བྱེད་པོའི་བྱང་ཚད་མཐོ་རུ་བཏང་ནས་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི“རྩ་བའི་རྨང་གཞི”བརྟན་དུ་བཏང་ཅིང་། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་སྒྱུར་དཔུང་ཁག་དེ་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་རྩ་བའི་འགན་ལེན་དུ་བྱས་པ་དང་། སྤྱི་བདེ་མི་དམངས་ཉེན་རྟོག་པ་ནི“ཁྲིམས་ལུགས་ལག་ལེན་བསྟར་མཁན”ཡིན་ལ“ཁྲིམས་སྐྱོང་བརྒྱུད་བསྒྲགས་བྱེད་མཁན”ཡང་ཡིན། 2021ལོ་ཚུན་དུ། ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་ཆབ་སྲིད་སྐོར་སྦྱོང་འཛིན་གྲྭ་དང་། གཅིག་སྡུད་སློབ་སྦྱོང་ཚོགས་འདུ། སྒྲོག་འགྲེལ་ཚོགས་འདུ། ཆེད་དོན་འཆད་ཁྲིད་སོགས་ཁྱོན་ཐེངས་1900ལྷག་ཙམ་སྒྲིག་འཛུགས་བྱས་པ་དང་ཁྲིམས་སའི་འདྲི་ཞིབ་ཟུར་ཉན་ཐེངས་300ལྷག་ཙམ་སྒྲིག་འཛུགས་བྱས་ཡོད་པ་རེད།
གནད་སྨིན་ཤུགས་འདོན་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་ནང་དོན་དམངས་སེམས་དང་དེ་བས་ཉེ་བཅར་ཐུབ་ཅིང་། ཁྲིམས་ལུགས་ཁྱབ་གདལ་གྱི་ཤེས་བྱ་མི་སེམས་ལ་གཏིང་ཟབ་ཟུག་མིན་དེ་གཙོ་བོ་དམངས་སེམས་དང་ཉེ་བཅར་ཐུབ་མིན་ལ་ཐུག་ཡོད། རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས“ཞིང་ཆུ་ལེབ་གཏོང”གི་བྱེད་སྟངས་དོར་ནས“ཐིགས་ཆུ་གནད་སྨིན་གཏོང་བའི”བྱ་ཐབས་མཐའ་འཁྱོངས་བྱས་ཡོད། སློབ་མར་དམིགས་ནས“སློབ་གྲྭ་བརྒྱའི་ཁྲིམས་སྐྱོང་ཟུར་ཁྲིད་པ་སྟོང”གིས“ཁྲིམས་སྐྱོང་གི་སློབ་ཚན་དང་པོ”འཚོགས་པ་དང་། ཞིང་འབྲོག་པར་དམིགས་ནས་བོད་ཀྱི་ལོ་གསར་དང་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་སྤྱད་དེ་ཁྲིམས་ལུགས་ཤེས་བྱ་སྦྲ་གུར་དང་ཞིང་ནང་དང་མུ་ཁར་ཁྱབ་གདལ་བཏང་བ། ཁེ་ལས་ཀྱི་ལས་མིར་དམིགས་ནས་སྒོ་རྩར་བསྐྱོད་དེ“ཁྲིམས་སྐྱོང་ཉམས་ལེན”གྱི་ལས་དོན་སྤེལ་ཏེ་དོ་དམ་ཐད་གྱི་ཞན་ཆ་བསལ་བ། རྒྱ་ཆེའི་མང་ཚོགས་ལ་དམིགས་ནས་སྡེ་ཁུལ་དང་གྲོང་ལྷན་དུ་བསྐྱོད་དེ་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་དང་སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་དྲིལ་བསྒྲགས་བྱས་ཏེ་ཐེར་འདོན་ཐབས་ལམ་རྒྱུན་མཐུད་ཤར་གཏོང་ཐུབ་པར་བྱས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོ་ཚུན་དུ། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རིགས་ཁག་གི་བརྗོད་དོན་གཙོ་བོའི་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་ཐེངས་ཁྲི་5ལྷག་ཙམ་དང་ཆེད་དོན་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་ཐེངས་ཁྲི་15ལྷག་ཙམ་སྤེལ་བས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཉིན་རེ་བཞིན་མ་འདས་པར་ཟབ་ཏུ་ཕྱིན་ཞིང་། “གཞན་དབང་ངང་ཉན་པ”ནས“རང་འགུལ་ངང་འདྲི་བའི”བར་དང་། “གནོད་འཚེ་ཕོག་ཚུལ་རྟོགས་ཙམ་ཤེས་པ”ནས“སེམས་ནང་རྦད་དེ་གདེང་ཚོད་ཡོད་པའི”བར་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། གནད་དོན་འཕྲད་སྐབས་ཁྲིམས་ལ་བཅར་བ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། འགལ་བ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད།
“བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་ལས་དོན་གཏིང་ཟབ་སྤེལ་བ་དང་སྦྲགས། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ལག་ལེན་གྱི་ཉམས་མྱོང་ལ་གཞི་ཚུགས་ནས“དགུ་ལྔའི”ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་བྱེད་པ་དང་། བྱེད་སྟངས་གསར་གཏོད་ལ་བརྟེན་ནས་ཁྲིམས་སྐྱོང་འཚོ་བའི་ཁྲོད་སྤྱོད་རྒྱུར་སྐུལ་འདེད་དང་གཞི་རིམ་བཅོས་སྐྱོང་ནང་མཉམ་འདྲེས་བྱེད་པ། གསོན་ཉམས་དོད་པའི་གྱོད་དཔེར་བརྟེན་ནས་གནད་སྨིན་ཁྲིད་སྟོན་བྱེད་པ། ཁྲིམས་སྐྱོང་མོས་སེམས་མི་སེམས་ལ་གཏིང་ཟབ་ཟུག་པ་བཅས་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་བསྐྲུན་ཆེད་སྤྱི་བདེའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།