ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

དཔའ་བོའི་ཞབས་རྗེས་དེད། སྐོར་སྲུང་ལམ་ལ་ཆས།

སྤེལ་དུས 2025-12-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་གཞོང་ར་བདག་སྐྱོང་ས་ཚིགས་ཀྱི་བདག་སྐྱོང་བས་བསྐྱབས་པའི་གཙོད་ཕྲུག་ཡིན་པ།
  ནམ་རྦད་དེ་ལངས་མེད་ནའང་ནག་ཆུ་གྲོང་ཁྱེར་རྒྱལ་ཁབ་སྤྱི་གླིང་གི་དགུན་དུས་སྐོར་སྲུང་རུ་ཁག་ཉི་མ་རྫོང་ནོར་བུ་གཡུ་རྒྱལ་དྲན་གསོ་ཁང་གི་སྒོ་འགྲམ་དུ་འབྱོར་ཟིན།
  2002ལོའི་ཟླ་6ཚེས་1ཉིན་ནགས་ཚལ་སྤྱི་བདེ་མི་དམངས་ཉེན་རྟོག་པ་ནོར་བུ་གཡུ་རྒྱལ་གྱིས་རི་དྭགས་ལྐོག་རྔོན་རྒྱག་མཁན་འཛིན་བཟུང་བྱེད་སྐབས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་ནས། ཚེ་སྲོག་དྲོན་མོ་ཡངས་པའི་བྱང་ཐང་ལ་ཕུལ། སྐབས་དེ་དུས་ཁོང་ལོ་བཞི་བཅུར་སླེབས་ཙམ་རེད།
  རྗེས་དྲན་དང་བསམ་གཞིག་གི་ཀློང་ནས་ང་ཚོ་ནོར་བུ་གཡུ་རྒྱལ་བདག་སྐྱོང་ས་ཚིགས་སུ་འབྱོར། རུ་མི་ཚོས་གྱང་སྟེང་དུ་བཀལ་བའི་ཚོན་ཁྲ་མེད་པའི་པར་དེ་དག་ལ་ལྟ་སྐབས། ཉེན་རྟོག་པའི་གྱོན་ཆས་གྱོན་པའི་ནོར་བུ་གཡུ་རྒྱལ་ནི་སྒམ་བརླིང་ལྡན་ཞིང། བློ་སྟོབས་ཆེ་བའི་མི་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ་པ་དང་། དཔའ་བོའི་མཛད་རྗེས་བཀོད་པའི་ཡིག་འབྲུ་དག་ལས་སྲུང་སྐྱོང་གི་སྟོབས་ཤུགས་ཆེན་པོ་ཚོར་ཐུབ། དེའི་འཁྲིས་སུ་བསྒྲིགས་པའི་གཟེངས་བསྟོད་རྟགས་མ་དག་ལས། ཁོང་གི་ལེགས་སྐྱེས་འབུལ་བར་སྤྲོ་ཞིང་གཟི་བརྗིད་བརྩོན་ལེན་གྱི་སེམས་པ་གསལ་པོ་མཚོན་པ་མ་ཟད། དཔའ་བོ་ནམ་ཡང་རྒྱང་རིང་དུ་བཞུད་མི་སྲིད་པར། ཁོང་གི་མཛད་རྗེས་དང་སྙིང་སྟོབས་རྗེས་རབས་པ་ཚོའི་རྐང་འོག་གི་ལམ་བུ་དང་ཕྲག་སྟེང་གི་འགན་འཁྲིར་གྱུར་ཟིན།
  ནོར་བུ་གཡུ་རྒྱལ་གྱི་དཔའ་བོའི་ཞབས་རྗེས་དེད་ནས་ང་ཚོ་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་སྐོར་སྲུང་ལ་ཕྱིན་པ་ཡིན། དེའི་རིང་གཞོང་ར་བདག་སྐྱོང་ས་ཚིགས་བརྒྱུད་རྗེས་རོང་དམར་བདག་སྐྱོང་ས་ཚིགས་སུ་འབྱོར་ཐུབ་ཀྱང་། འབར་འབུར་གྱི་ས་རྡོའི་ལམ་བུར་སྤྱི་ལེ་180ཙམ་སྐྱོད་དགོས།
  དེ་ནས་ཡུད་ཙམ་སོང་རྗེས་ཁ་དཀར་རྐྱང་གི་ཁྱུ་ཚོགས་མིག་ལམ་དུ་འཆར་ཞིང་། གྲོ་དཀར་མདོག་གི་གཟུགས་བརྙན་དག་གསེར་ཞུན་བྱུགས་འདྲའི་རྩྭ་ཐང་སྟེང་དེ་བས་ཀྱང་མངོན་གསལ་དོད། “མདང་དགོང་ཆུ་ཚོད་གཉིས་གསུམ་ཙམ་ལས་ཉལ་རྒྱུ་མ་བྱུང”ཞེས་ནག་ཆུ་གྲོང་ཁྱེར་ནགས་རྩྭ་ཅུས་ཀྱི་ལས་དོན་པ་བཀྲ་ཤིས་དངོས་གྲུབ་ཀྱིས་དམར་པོར་གྱུར་པའི་མིག་ཟུང་འཕུར་འཕུར་གཏོང་བཞིན་དེ་ལྟར་བརྗོད་ཀྱང་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་པ་གསལ་ལེར་མཐོང་ཐུབ། ཁོང་གིས“འཁྱགས་མཚོ་དང་། རྩྭ་ཐང་། རྐྱང་སོགས་མཐོང་སྐབས་དཀའ་ལས་ཁག་སྣང་མེད་པར་གྱུར་ཏེ་གཉིད་ཅོག་ཀྱང་རྦད་དེ་སངས་སོང”ཞེས་བརྗོད།
  ཉི་མ་རྫོང་སྔོན་ཆུ་ཤང་དུ་སླེབས་སྐབས་རྩྭ་ཐང་སྟེང་དུ་ཁ་དཀར་རྐྱང་གི་ཁྱུ་ཚོགས་ཁ་ཟས་འཚོལ་བ་དང་བང་ཁ་འགྲན་པ་སོགས་ཅི་དགར་རོལ་བཞིན་པའི་རྣམ་པ་དེ་དག་མིག་མདུན་དུ་འཆར་བས་ཚང་མ་སྤྲོ་སེམས་རབ་ཏུ་འཕེལ། “མང་ཉུང་འདིར་བལྟས་ན་འབྲོག་པས་གསོས་པའི་འབྲི་གཡག་གི་ཁྱུ་དང་འདྲ་པོ་འདུག”ཅེས་ཁ་ལོ་བ་ལའོ་ཀྲུའུ་ཧ་ལས་ཧང་སངས་ཤིང་རླངས་འཁོར་གྱི་མྱུར་ཚད་ཀྱང་འགོར་དུ་བཏང་།
  2022ལོར་སྔོན་ཆུ་ཤང་དུ་ས་བབ་ཧ་ཅང་མཐོ་བའི་སྐྱེ་ཁམས་གནས་སྤོ་བྱས་རྗེས་རྒན་རྒོན་དང་། བྱིས་པ། བུད་མེད་བཅས་ས་བབ་སྨི་3600ཙམ་ཟིན་པའི་སྲིན་བུ་རིར་གནས་སྤོ་བྱས་པ་དང་། མི་རྣམས་སྤོས་རྗེས་ཡངས་པའི་ས་མཐོ་འདི་རྩྭ་རྩི་ཤིང་དང་རི་སྐྱེས་སྲོག་ཆགས་ལ་བདག་ཡོད།
  འདི་ནས་མི་མེད་ལུང་སྟོང་དུ་བསྐྱོད་ན་བྱང་ཐང་གི་རི་སྐྱེས་སྲོག་ཆགས་ཀྱི་མཛེས་རིས་དེ་བས་གསོན་ཉམས་དོད་དུ་འགྲོ་ཡི་འདུག བང་རྩལ་མྱུར་བའི་རྐྱང་དང་། བདེ་ལྕག་འཁྱུག་པའི་གཙོད། རྫི་གསང་བའི་དགོ་བ། ས་མཆོང་གནམ་མཆོང་བྱེད་པའི་ས་མཐོའི་རི་བོང་སོགས་སྲོག་ཆགས་འདི་དག་ལས་བྱང་ཐང་ཁོ་ནར་དབང་བའི་སྐྱེ་སྟོབས་ཀྱི་གསོན་ཤུགས་ངོམ་བཞིན་མཆིས།
  གློ་བུར་དུ་མདུན་ཕྱོགས་ནས་གཡི་སྦུག་ཚྭ་ཁ་འདྲེན་བྱེད་ལམ་དུ་འཆར། འཁྱགས་རོམ་གྱིས་བཏུམས་པའི་མཚོ་མོ་དེ་ཉིད་གཡང་ཊི་ཆེན་པོ་ཞིག་དང་འདྲ་བར་རྩྭ་ཐང་གི་དབུས་སུ་ཆགས་ཤིང་། མཚོ་ངོགས་ཀྱི་གྲམ་ཐང་ནི་རི་སྐྱེས་སྲོག་ཆགས་ཀྱི་རང་བྱུང་དགའ་ཚལ་དང་འདྲ། མཚོ་རྒྱུད་ནས་མཚོ་མཇུག་ཏུ་བསྐྱོད་ན་ས་བབ་སྨི་4700ཟིན་པའི་རོང་དམར་བདག་སྐྱོང་ས་ཚིགས་ལ་སླེབས་ཀྱི་འདུག
  ས་ཚིགས་སུ་བདག་སྐྱོང་བ་14ཡོད་པའི་ཁྲོད་དུ་རྒན་ཤོས་ནི་ལོ་53ལ་སླེབས་པའི་དར་པོ་རེད། “ལོ་ལྟར་ཁེར་རྐྱང་དུ་ལུས་པའི་གཙོད་ཕྲུག་དང་འབྲོང་ཕྲུག་སོགས་སུམ་ཅུ་བཞི་བཅུ་ཙམ་ལ་བདག་སྐྱོང་བྱེད་དགོས་ཀྱི་ཡོད། ཁོང་ཚོ་རང་རྐྱ་འཕེར་རྗེས་སོ་སོས་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་དང་མཉམ་དུ་འགྲོ་ཡི་རེད”དར་པོའི་གདོང་ལ་གཉེར་མའི་གྲོག་ཤུར་མང་དག་ཅིག་འཐེན་ཡོད་ནའང་རི་སྐྱེས་སྲོག་ཆགས་ཀྱི་སྐོར་གླེང་སྐབས་མིག་ཟུང་ལས་འོད་སྣང་འཚེར་འོང་། ཁོང་གིས“འདི་གར་ད་དུང་འབྲོང་དང་། གསའ། བྱ་གླག་སོགས་ཡོད། སྐོར་སྲུང་བྱེད་སྐབས་ཉིན་གཅིག་ལ་མང་ཤོས་སུ་འབྲོང་སུམ་བརྒྱ་ལྷག་མཐོང་མྱོང་ཡོད”ཅེས་བརྗོད།
  བྱང་ཐང་རྒྱལ་ཁབ་སྤྱི་གླིང་གི་འདེམས་སྒུག་ཁུལ་དུ་གཙོད་མགོ་གྲངས་ཁྲི་5ནས་ཁྲི་20ཡན་བར་མང་དུ་ཕྱིན་པ་དང་། འབྲོང་མགོ་གྲངས་7000ནས་ཁྲི་1བར་མང་དུ་ཕྱིན་པ། རྐྱང་མགོ་གྲངས་ཁྲི་3ནས་ཁྲི་8བར་མང་དུ་ཕྱིན་ཡོད།
  གྲངས་གཞི་དེ་དག་ནི“ནོར་བུ་གཡུ་རྒྱལ”དང“དར་པོ”འདྲ་བའི་མི་མང་དག་ཅིག་གིས་ལེགས་སྐྱེས་ཕུལ་ནས་བྱུང་བ་ཞིག་རེད། ཁོང་ཚོས་ཟླ་ནས་ཟླ་དང་ལོ་ནས་ལོ་བསྟུད་དེ་སྐད་གྲགས་ཅི་ཡང་མེད་པར་ལེགས་སྐྱེལ་འབུལ་བཞིན་ཡོད། དེ་གཅིག་བྱས་ན“སྲུང་སྐྱོང”ཞེས་པའི་ཡིག་འབྲུ་དེ་གཉིས་ཀྱི་དོན་སྙིང་ཟབ་ཤོས་དེ་ཡིན་ཤས་ཆེ།
  དགུན་ཉི་ལྡོག་འཆར་བས་མཚན་རིང་ཞིང་ཉི་མ་ཧ་ཅང་ཐུང་། འོན་ཀྱང་གནས་འདིར་སྲུང་སྐྱོང་གི་གཏམ་རྒྱུད་དེ་དག་མུན་པའི་ཁྲོད་ཀྱི་འོད་སྣང་དང་འདྲ་བར་དུས་ནམ་ཡང་ལྷམ་མེར་གནས་སྲིད།