ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་གྲངས་རིག་དུས་རབས་ཀྱི་ཕྱོགས་སུ་སྐྱོད་པ།

སྤེལ་དུས 2026-01-19 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱས་པར། 2025ལོར་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱི་གྲངས་འཛིན་ཅན་འཛུགས་སྐྲུན་དང་ཚན་རྩལ་ལ་བརྟེན་ནས་མཐུན་རྐྱེན་སྦྱོར་བའི་ཐད་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། ལྗོངས་ཡོངས་ཀྱིས“གྲངས་རིག་པོ་ཏ་ལ”ཞེས་པའི་རིག་གནས་ཡུལ་སྐོར་མཉམ་འདྲེས་གསར་གཏོད་ཁུལ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། བོད་ཀྱི་གྲངས་འཛིན་རིག་གནས་འཕྲིན་ལམ་བཏོད་པ། སྤྱི་པའི་རིག་གནས་ཀྱི་སྤྲིན་རྩིས་ལས་སྟེགས་འཐུས་སྒོ་ཚང་དུ་བཏང་བ་བཅས་ལས་མང་ཚོགས་མི་ཐེངས་ཁྲི་250ལྷག་ཙམ་ལ་ཕན་པ་ཐོབ་ཡོད། དེ་དང་ཆབས་ཅིག “རིག་གནས་བོད་ལྗོངས”ཞེས་པའི་སྨྱན་སྦྱོར་གསར་པའི་དཔུང་ཁག་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པའི་ཁྲོད་ནས་ཁྱུག་དབྱིངས་ཨང་རྟགས་དེ་2025ལོའི་ལོ་འཁོར་གྱི་བོད་རང་ལྗོངས་ཀྱི“དྲ་བའི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པའི་གཡུར་ཟའི་གྲུབ་འབྲས་ཀྱི་ཨང་རྟགས”ལ་བདམས་ཡོད།
  རིག་གནས་བསམ་བཀོད་IPགསར་གཏོད་དེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་བཀྲག་མདངས་གསར་པ་ཞིག་ཏུ་གྱུར་ཞིང་། “བོད་ཀྱི་འབྲི་གཡག”དང“བོད་དུ་སྐར་མ་འཐུ་བར་ཡོང”བའི་བྱེད་སྒོ་རྒྱལ་ཡོངས་གྱི“རིག་གནས་ཡུལ་སྐོར+ལས་རྣམ་གསར་པ་དང་རྣམ་པ་གསར་པ་གསར་གཏོད་མཉམ་འདྲེས་ཀྱི་དཔེ་མཚོན”དང་རྒྱལ་ཡོངས་ཡུལ་སྐོར་ཚོང་གཉེར་ཁྱབ་གདལ་གྱི་དཔེ་མཚོན་ནང་བཅུག་པ་ལས་བོད་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་གསར་གཏོད་གང་ལེགས་མཚོན་ཡོད། རིག་གནས་དང་ཚན་རྩལ་ཟུང་འབྲེལ་བྱས་པ་ལས་ཡུལ་སྐོར་དྲིལ་བསྒྲགས་དང་ཞབས་ཞུའི་ལས་ཕྱོད་ཆེ་རུ་ཕྱིན་པ་མ་ཟད། མང་ཚོགས་རིག་གནས་བྱེད་སྒོར་ཞུགས་པའི་སྟབས་བདེའི་རང་བཞིན་དང་མཉམ་འགུལ་རང་བཞིན་ལའང་སྐུལ་འདེད་ཐུབ་ཡོད།
  གཞན་ཡང་བོད་ལྗོངས་རིག་གནས་ཡུལ་སྐོར་གྱིས་རིག་གནས་བསམ་བཀོད་ཐོན་རྫས་དང་། འགྲེམས་སྟོན། ཞིབ་འཇུག་སློབ་སྦྱོང་ལག་ལེན་སོགས་ཁྱབ་ཁོངས་སུ་གྲངས་འཛིན་ཅན་གྱི་བྱ་ཐབས་རྒྱ་ཁྱབ་ཏུ་བེད་སྤྱོད་བྱས་པ་དཔེར་ན། ཁྲུང་ཁྲུང་སྐེ་ནག་གི་བརྗོད་དོན་གཙོ་བོའི་པར་རིས་བརྩམས་ཆོས་རྒྱལ་ཡོངས་སུ་སྐོར་སྐྱོད་འགྲེམས་སྟོན་དང་རིག་གནས་ཡུལ་སྐོར་མཉམ་འགྲོགས་ཀྱི་AIརྣ་ཉན་ཞིབ་འཇུག་གསར་སྤེལ་སོགས་ཚང་མས་རིག་གནས་ཁྱབ་གདལ་དང་ཡུལ་སྐོར་ཉམས་ལེན་ལ་རིག་ནུས་ཅན་གྱི་འདེགས་སྐྱོར་བྱས་ཡོད། བྱེད་ཐབས་དེ་དག་ལས་བོད་ཀྱི་རིག་གནས་ཡུལ་སྐོར་དེ་ཁེར་རྐྱང་གི་ངོམ་སྟོན་ནས་དབྱིངས་ཞུགས་རྣམ་པ་དང་མཉམ་འགུལ་རྣམ་པའི་ཉམས་ལེན་གྱི་ཕྱོགས་སུ་བསྐྱོད་དེ“ཚན་རྩལ་ལ་བརྟེན་ནས་སྤུས་ཚད་མཐོ་རུ་དང་གསར་གཏོད་ལ་བརྟེན་ནས་ཉམས་ལེན་ཕུན་སུམ་ཚོགས་སུ་གཏོང་བའི”འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།