ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཐད་གཏོང་ནས་བཟའ་བཅའ་འཚོང་མཁན་ལ་དམར་ཐིག་དང་སྒྲིག་ལམ་བཟོས་པ།

སྤེལ་དུས 2026-01-20 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཀློག་པ་པོའི་དོ་ཁུར།
  ངས་རྟག་ཏུ་ཐད་གཏོང་ནས་རྔན་པ་དང་བཟའ་བཅའ་སོས་པ་ཉོ་གི་ཡོད། སྟབས་བདེ་པོ་འདུག་ཀྱང་གཡོ་ཐབས་ཀྱང་མི་ཉུང་བ་ཞིག་འདུག སྐབས་རེ་ལག་ཏུ་འབྱོར་བའི་དངོས་ཟོག་ཚོང་པས་ཐད་གཏོང་ནང་ངོ་སྤྲོད་བྱས་པ་དང་འདྲ་གི་མི་འདུག འོན་ཏེ་དངོས་ཟོག་ཕྱིར་བསློགས་ཏེ་རང་ཉིད་ཀྱི་ཁེ་དབང་སྲུང་བར་རྙོག་དྲ་ཚ་པོ་འདུག་པས། གནས་ཚུལ་དེ་རིགས་ལ་དོ་དམ་བྱེད་པའི་སྲིད་ཇུས་གང་ཡོད་དམ།
  ཐད་གཏོང་དྲ་ཚོང་གིས་འཛད་སྤྱོད་པར་བཟའ་བཅའ་ཉོ་བའི་ཐབས་ལམ་རྒྱ་སྐྱེད་བཏང་ཡོད་མོད། འོན་ཏེ་དྲིལ་བསྒྲགས་རྫུན་མ་དང་ཁེ་དབང་སྲུང་སྐྱོང་དཀའ་བ་སོགས་ཀྱི་སྣང་ཚུལ་ཡང་མངོན་གསལ་དོད་པོ་ཡོད། འཛད་སྤྱོད་པས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ། ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《ཐད་གཏོང་དྲ་ཚོང་པས་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པའི་ལྟ་འདོམས་གཏན་འབེབས》ཁྱབ་བསྒྲགས་བྱས་ཏེ། ཐད་གཏོང་དྲ་ཚོང་པས་ཐད་གཏོང་ནས་བཟའ་བཅའ་འཚོང་སྐབས་དམར་ཐིག་དང་སྒྲིག་ལམ་བཟོས་ཡོད།
  ཟླ་1ཚེས་16ཉིན། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ངོ་སྤྲོད་བྱས་དོན། གཏན་འབེབས་དེས་ཐད་གཏོང་དྲ་ཚོང་ལས་སྟེགས་ཀྱི་གཉེར་སྐྱོང་པ་དང་། ཐད་གཏོང་གཉེར་སྐྱོང་པ། ཐད་གཏོང་ནང་གི་བྲིན་ཚོང་པ། ཐད་གཏོང་བྲིན་ཚོང་པའི་ཞབས་ཞུའི་སྒྲིག་གཞི་བཅས་ཚང་མ་ལྟ་འདོམས་ཁྱབ་ཁོངས་ནང་བཅུག་ཡོད། ཐད་གཏོང་ལས་སྟེགས་ནས་ཐད་གཏོང་ཁང་བར་དང་དེ་ནས་གཙོ་སྐྱོང་བ་དང་MCNསྒྲིག་གཞིའི་བར་ཚང་མས་གཏན་འབེབས་ཀྱི་བླང་བྱ་གཞིར་བཟུང་དེ་མཚུངས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་འཁུར་དགོས།
  ——“གཙོ་སྐྱོང་བས་ཁ་ནས་གང་ཐོན་བཤད་ཀྱང་ལས་སྟེགས་ནས་དོ་དམ་བྱེད་ཐབས་མེད་དམ” ཞེས་པའི་ཐད་ལ་གཏན་འབེབས་ཀྱིས་ལས་སྟེགས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ཡོད།
  ཕྱོགས་གཅིག་ནས་ལས་སྟེགས་ཀྱིས་ཞིབ་བཤེར་ཐོ་འགོད་དང་། གསོ་སྦྱོང་། ཉེན་ཁ་དོ་དམ་ཚོད་འཛིན་སོགས་ཀྱི་ལམ་ལུགས་དང་བྱ་ཐབས་བཟོས་ཏེ། བཟའ་བཅའི་བདེ་འཇགས་དོ་དམ་མི་སྣ་བཀོད་སྒྲིག་དང་། 《བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་དོ་དམ་ཚོད་འཛིན་གྱི་གསལ་ཐོ》བཟོ་བ། “རིག་ནུས་ལྟ་ཞིབ་ཚད་ལེན་དང་། གྲལ་བཤེར་བཀོད་གཏོང་། མགྱོགས་མྱུར་བཀོད་སྒྲིག”བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས། ཕྱོགས་གཞན་ཞིག་ནས། གཏན་འབེབས་ནང་ཐད་གཏོང་དྲ་ཚོང་ལས་སྟེགས་ལ་དྲ་ཐོག་བཟའ་བཅའི་ཁྱབ་ཁོངས་ཀྱི་འགན་འཁྲི་ཁ་གསལ་བཟོས་ཡོད། ཐད་གཏོང་ཁང་གི་ཚོང་ཟོག་ཡིན་ནའང་འདྲ། ཐད་གཏོང་ཁང་གི་མི་ཡིན་ནའང་རུང་། གང་ལྟར་ཚང་མར་ལས་སྟེགས་ཀྱིས་དོ་དམ་བྱེད་དགོས་ལ། གཏན་འཁེལ་བྱས་པའི་བླང་བྱར་གཞིགས་ཏེ། དོན་འཁྱོལ་ཇི་མ་ཇི་བཞིན་བྱེད་དགོས།
  —— རྫུན་ལྷད་ཞན་གསུམ་དང་དུས་ཚོད་ཡོལ་བའི་བཟའ་བཅའ་འཚོང་བའི་ཐད་གཏན་འབེབས་ནང་འཚོང་མི་ཆོག་པའི་བཟའ་བཅའ་རིགས་13ཁ་གསལ་བཏོན་ནས། ཐད་གཏོང་ཁང་དུ་བཟའ་བཅའ་འཚོང་བར“དམར་ཐིག”བཟོས་ཡོད།
  དེའི་ཁོངས་སུ་བཟའ་བཅའི་རྒྱུ་ཆ་མིན་པ་སྤྱད་དེ་ཐོན་སྐྱེད་བྱས་པ་དང་དུག་ཅན་གནོད་ཅན་རྒྱུ་ཆ་བསྲེས་པའི་བཟའ་བཅའ་དང་། ནད་སློང་བའི་སྐྱེ་དངོས་ཕྲ་རབ་དང་ལྗིད་གྲས་ལྕགས་རིགས་ཚད་ལས་བརྒལ་བའི་བཟའ་བཅའ། དུས་ཚོད་ཡོལ་བ་དང་། རུལ་བ། ཧམ་སྤུ་བརྒྱབ་པ་སོགས་ཀྱི་བཟའ་བཅའ། ནད་ཀྱིས་རྐྱེན་པས་ཤི་བ་དང་དུག་ཕོག་ནས་ཤི་བའམ་ཡང་ན་ནད་ཡམས་ཞིབ་བཤེར་གྱི་ཚད་གཞི་མ་ལོན་པའི་སྒོ་ཕྱུགས་དང་ཁྱིམ་བྱའམ་ཆུ་ཐོན་ཤ་རིགས་དང་དེ་དག་གི་ཐོན་རྫས། མཆན་རྟགས་མེད་པར་ཐུམ་སྒྲིལ་བརྒྱབ་པའི་བཟའ་བཅའ། རྒྱལ་ཁབ་ཀྱིས་ཐོན་སྐྱེད་གཉེར་སྐྱོང་བྱེད་མི་ཆོག་ཅེས་བཀའ་བཀོད་གསལ་བསྒྲགས་སྤེལ་ནས་བཀག་སྡོམ་བྱེད་པའི་བཟའ་བཅའ་སོགས་ཚུད་ཡོད་པ་རེད།
  —— འུད་སྒྲོག་ངང་དྲིལ་བསྒྲགས་དང་ཅ་ལག་འཚོང་བའི་ཐད་གཏན་འབེབས་ནང་བཀག་རྒྱ་ཁག་10ཞིབ་ཚགས་སུ་བཏང་ནས་ཐད་གཏོང་བྱ་སྤྱོད་ཀྱི“མཐའ་ཚད”ཁ་གསལ་བཟོས་ཡོད།
  དེའི་ཁོངས་སུ་དཔེར་ན། ལག་རྩལ་བྱ་ཐབས་བརྒྱུད་བཟའ་བཅའི་མཐོང་ཚོར་དངོས་ལ་འགྱུར་བ་གཏོང་མི་ཆོག་པ་དང་།བཟའ་བཅར་ནད་རིགས་སྔོན་འགོག་དང་ནད་བཅོས་ཕན་ནུས་ལྡན་པ་ཤུགས་སུ་བསྟན་མི་ཆོག་པ་དང་སྨན་བཅོས་ལས་རིགས་ཀྱི་སྐད་ཆ་སྤྱོད་མི་ཆོག བདེ་སྲུང་བཟའ་བཅའ་མིན་རིགས་ལ་བདེ་སྲུང་གི་ཕན་ནུས་ལྡན་ཡོད་ཅེས་ཤོད་མི་ཆོག སྤྱིར་བཏང་གི་བཟའ་བཅའ་དང་། དམིགས་བསལ་གྱི་བཟའ་བཅའ། སྨན་རྫས་བཅས་ཉ་ཉུང་མཉམ་བསྲེས་བྱེད་མི་ཆོག བཟའ་བཅའི་ཐོན་ཡུལ་དང་། གྲུབ་ཆ། ཕན་ནུས། འཕྲོད་སྦྱོར་མི་སྣ་སོགས་ཀྱི་ཆ་འཕྲིན་རྫུན་བཟོའི་དྲིལ་བསྒྲགས་བྱེད་མི་ཆོག ཁྲིམས་ལྟར་འོས་ཐོབ་རག་མེད་པའི་བཟའ་བཅའ་ཞིབ་བཤེར་སྒྲིག་གཞིས་བཏོན་པའི་བཟའ་བཅའི་ཞིབ་བཤེར་ཆ་འཕྲིན་ཁྱབ་བསྒྲགས་བྱེད་མི་ཆོག བཟའ་བཅའི་བདེ་འཇགས་ཆ་འཕྲིན་གྱི་རྣམ་པའི་ཐོག་ནས་བཟའ་བཅའི་ཞིབ་བཤེར་གྱི་གྲངས་གཞི་དང་། འབྲས་བུ། སྙན་ཞུ་སོགས་ཁྱབ་བསྒྲགས་བྱེད་མི་ཆོག བཟའ་བཅའ་ཞིབ་བཤེར་སྒྲིག་གཞི་དང་མཉམ་དུ་བརྡ་ཁྱབ་བམ་ཡང་ན་རྣམ་པ་གཞན་སྤྱད་ནས་འཛད་སྤྱོད་པར་བཟའ་བཅའ་འོས་སྦྱོར་བྱེད་མི་ཆོག་པ་སོགས་ཚུད་ཡོད། དེ་དང་དུས་མཚུངས་གཏན་འབེབས་ནང་ཁ་གསལ་བཏོན་དོན། ངེས་པར་དུ་མངོན་གསལ་དོད་པའི་བྱ་ཐབས་བརྒྱུད་འཛད་སྤྱོད་པའི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད་པའི་ཆ་འཕྲིན་དྲན་སྐུལ་བྱེད་དགོས་པ་ལས་འཛད་སྤྱོད་པར་གོ་བ་ལོག་ཁྲིད་བྱེད་མི་ཆོག
  གཏན་འབེབས་ནང་ད་དུང་སྐས་རིམ་རྣམ་པའི་ཆད་གཅོད་མ་ལག་བཟོས་ནས་འགན་འཁྲི་ཁུངས་འདེད་ཀྱི་འབྲེལ་ཐག་ཆགས་ཡོད།