“ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ལྗོངས་ཀྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་406.98ཟིན་པ།
སྤེལ་དུས 2026-02-11
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཉེ་ཆར། གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ལྗོངས་ཀྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་406.98ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལས་78.5%འཕར་བ་དང་ལོ་རེར་ཆ་སྙོམས་འཕར་ཚད་21%ཟིན་ནས། ཕྱི་ཕྱོགས་ཚོང་དོན་གྱི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་ཏེ་བརྟན་ཐོག་ཡར་འཕེལ་དང་སྤུས་འབྲས་གཉིས་འཕར་གྱི་རྣམ་པ་བཟང་པོ་མངོན་ཡོད།
ཕྱི་ཕྱོགས་ཚོང་དོན་གྱི་ཁྲོམ་རའི་བཀོད་པར་བལྟས་ཚེ། བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་ལ་ཕྱི་ཕྱོགས་ཚོང་དོན་ཡོངས་སུ་ཁྱབ་པ་དང་ཚོང་དོན་རོགས་ཟླ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་184ལ་ཁྱབ་ནས་ཚོང་དོན་གྱི“གྲོགས་ཚོགས”རྒྱུན་མཐུད་ངང་རྒྱ་ཆེར་ཕྱིན་པ་དང་སྦྲགས། སྣ་མང་ཅན་གྱི་ཕྱི་ཕྱོགས་ཚོང་ལམ་བུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་ཕྱིན་ཡོད།
ཕྱི་ཕྱོགས་ཚོང་དོན་གྱི་གྲུབ་ཆའི་ཐོག་ནས་བལྟས་ཚེ། བོད་ཀྱི“རྣམ་གསར་གསུམ”གྱི་ཐོན་རྫས་ཕྱིར་གཏོང་བྱེད་ཤུགས་ཆེ་བས་2025ལོར་ཕྱིར་གཏོང་གཞི་ཁྱོན་སྒོར་དུང་ཕྱུར་3.58ཟིན་པ་དེ་2020ལོ་དང་བསྡུར་ན་ལྡབ་38.9འཕར་ཡོད། ཁྱད་ལྡན་ལེགས་ཆའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་དུས་གཅིག་ཏུ་མཐོ་རུ་ཕྱིན་ནས་2025ལོར་ཕྱིར་གཏོང་དངུལ་འབོར་སྒོར་ཁྲི་5600ལྷག་ཙམ་ཟིན་པ་དེ་2020ལོ་དང་བསྡུར་ན་16.7%འཕར་ཏེ་སྤུས་ལེགས་ཐོན་རྫས་ས་མཐོ་ནས་འཛམ་གླིང་ལ་ཕྱིར་གཏོང་ཐུབ་ཡོད།
དེ་དང་དུས་མཚུངས། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་འགྲོ་ལམ་སྐྲུན་ཚད་དུས་གཅིག་ཏུ་མགྱོགས་སུ་ཕྱིན་ཞིང་། བོད་ཀྱི“གཞུང་ལམ་དང་། ལྕགས་ལམ། མཁའ་ལམ། སྦྲག་སྲིད”བཅས་སྣ་མང་སྐྱེལ་འདྲེན་གྱི་དྲ་བ་རྒྱུན་ཆད་མེད་པར་རིམ་སྤོར་དང་འཐུས་སྒོ་ཚང་དུ་ཕྱིན་པ་དང་། སྐམ་ལམ་འགག་སྒོ་གཅིག་གསར་དུ་བསྣན་པ། བོད་ཀྱི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་ཐོག་མ་དང་། རྒྱལ་སྤྱིའི་སྐམ་སའི་གྲུ་ཁ། མཁའ་འགྲུལ་འགག་སྒོ་བཅས་ཀྱི་རྒྱལ་སྤྱིའི་དངོས་ཟོག་ས་ཚིགས་གཉེར་སྐྱོང་བྱེད་འགོ་ཚུགས་པ། རྒྱལ་སྤྱིའི(ས་ཁུལ)མཁའ་ལམ་3གསར་དུ་བསྐྲུན་པ། སྒོ་དབྱེའི་ལས་སྟེགས་ཀྱི་ནུས་རིམ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་བཅས་བྱུང་ནས་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།