ཚད་མཐོའི་མཐོང་ཆེན་དང་། སྒྲིག་འཛུགས་ཞིབ་ཚགས། འགན་འཁྲི་ནན་དཀྲིས་བཅས་བྱས་ནས་སྐོར་ཞིབ་ཀྱི“མཇུག་འཕྲོའི་ལས་དོན”ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་སྐོར་ཞིབ་དག་ཐེར་གྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།
ཉེ་ཆར། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པའི་ལན་སྤྲོད་བསམ་འཆར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་རང་རྟོགས་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་སྔར་བས་ཆེ་རུ་བཏང་སྟེ། ཚད་མཐོའི་མཐོང་ཆེན་དང་། སྒྲིག་འཛུགས་ཞིབ་ཚགས། འགན་འཁྲི་ནན་དཀྲིས་བཅས་བྱས་ནས། སྐོར་ཞིབ་ཀྱི“མཇུག་འཕྲོའི་ལས་དོན”ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་སྐོར་ཞིབ་དག་ཐེར་གྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་དང་ཀརྨ་ཚེ་བརྟན་ཞུགས་པ་དང་། ལིའུ་ཅང་གིས་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པའི་ལན་སྤྲོད་བསམ་འཆར་དག་ཐེར་གྱི་འཕེལ་རིམ་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྐོར་ཞིབ་ལས་དོན་དེ་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཅིག་ལ་བརྩིས་ཏེ། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་གྲུབ་པ་དེས་ང་ཚོས་སྐོར་ཞིབ་དག་ཐེར་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཀྲུང་དབྱང་གི་སྐོར་ཞིབ་ལན་སྤྲོད་བསམ་འཆར་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱེད་པའི་ཆབ་སྲིད་ལ་ཞིབ་བཤེར་ཕྱོགས་ཡོངས་ནས་བྱེད་པ་ཞིག་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྕག་འདེབས་ཤིག ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ནན་པོ་འཁུར་བ་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བར་རྩ་གཟིགས་ནད་བརྟག་བྱེད་པ་ཞིག་བཅས་ཡིན། ཀྲུང་དབྱང་སྐོར་ཞིབ་ཀྱིས་ལན་སྤྲོད་བསམ་འཆར་བཏོན་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་གྱིས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་མགྱོགས་མྱུར་བཙུགས་ཏེ། སྔོན་ཚུད་ནས་བཀོད་འདོམས་དང་། རང་འགུལ་ངང་བྱ་སྤྱོད་སྤེལ་བ། སྤྱི་འདོམས་འཆར་འགོད། བརྒྱུད་རིམ་ལྡན་པའི་དག་ཐེར་བཅས་བྱས་ནས། སྐོར་ཞིབ་དག་ཐེར་ལས་དོན་གྱི་འགོ་ཡག་པོ་འཛུགས་པར་སྐུལ་འདེད་བཏང་ཡོད། གནད་དོན་ཤེས་རྟོགས་བྱེད་པ་ནི་སྐོར་ཞིབ་ལས་དོན་གྱི་སྲོག་ཐིག་དང་། གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་ནི་སྐོར་ཞིབ་ལས་དོན་གྱི་དོན་ལ་བབས་ས་ཞིག་ཡིན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་རང་རྟོགས་ངང་གཅིག་གྱུར་བྱས་ཏེ། སྐོར་ཞིབ་དག་ཐེར་ལ་དམ་འཛིན་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་གཅིག་གྱུར་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་དག་ཐེར་དང་། དག་ཐེར་དངོས་འབྲེལ་དང་དག་ཐེར་ཏན་ཏིག དག་ཐེར་མཐར་ཕྱིན་བཅས་བྱེད་པ་དང་། དག་ཐེར་ལས་འགན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་པར་འགན་ལེན་གྱིས་གྲུབ་འབྲས་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོར་ཁུར་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་བརྟེན་ནས་དག་ཐེར་ལས་དོན་ལ་གཅིག་འདོམས་མཐའ་འཁྱོངས་བྱས་ཏེ། དག་ཐེར་གྱི་ལས་འགན་ཆད་ལུས་མེད་པར་ལེགས་སྒྲུབ་བྱེད་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས། ཏང་ཀྲུང་དབྱང་གིས་བོད་ལ་གནང་བའི་འཐབ་ཇུས་ཀྱི་ངེས་གནས་དང་དཀྲིས་པའི་འགན་འཁྲི་དང་ལས་འགན་གལ་ཆེན་ལ་སྟངས་འཛིན་ནན་པོ་བྱས་ཏེ། སྐོར་ཞིབ་དག་ཐེར་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཆབ་སྲིད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་་བརྩིས་ནས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་མ་ཟད། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་རྒྱུན་མཐུད་སྲ་བརྟན་དུ་བཏང་སྟེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བར་འགན་ལེན་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས། སྐོར་ཞིབ་དག་ཐེར་གྱི་བརྒྱུད་རིམ་དེ་སྲིད་དོན་ལས་རྗེས་ཀྱི་ལྟ་བའི་ཡོ་ཁྱད་སྔར་བས་སྲོང་བའི་བརྒྱུད་རིམ་ཞིག་ཏུ་བརྩིས་ཏེ། “དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ་ནི་རང་འགན་ཡིན་པ་དང་། དག་ཐེར་ལ་དམ་འཛིན་མི་བྱེད་པ་ནི་འགན་འཁྲི་ཤོར་བ་ཞིག་ཡིན་པ། དག་ཐེར་ནུས་ལྡན་མི་བྱེད་པ་ནི་འགན་འཛོལ་ཤོར་བ་ཞིག་ཡིན་པ”བཅས་ཀྱི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མཐའ་མཚམས་འཛུགས་སྐྲུན་སོགས་ཀྱི་ཐད་གནས་པའི་ཞན་ཆ་དང་མི་འདང་སར་དམིགས་ཏེ། གནད་སྨིན་ཤུགས་འདོན་གྱིས་དམིགས་སའི་རང་བཞིན་ལྡན་པ་དང་བཀོལ་སྤྱོད་ཆོག་པའི་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་གྲི་དངོ་རང་གཏད་དང་། བཟང་བསྟོད་ངན་སྨད། རུས་གཞོག་དུག་བཅོས་བཅས་བྱས་ཏེ། སྐོར་ཞིབ་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ་དང་། སྐོར་ཞིབ་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྐོར་ཞིབ་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་དངོས་འབྲེལ་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་ནན་པོ་བྱས་ཏེ། ལོ་རྒྱུས་དང་། རྩོད་སྒྲུབ། འཕེལ་རྒྱས། འབྲེལ་གཏུག་བཅས་ཀྱི་ལྟ་བ་སྤྱད་ནས་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་མཐའ་འཁྱོངས་ཀྱིས་དེའི་འཕེལ་ཕྱོགས་ཁོང་དུ་ཆུད་པ་དང་། “གནད་འགག”གནས་ས་ཡང་དག་འཚོལ་བ། ཉ་དང་སྦལ་པ་མཉམ་དུ་འཛིན་རྒྱུ་སྔོན་འགོག་བྱེད་པ། དག་ཐེར་རྫུན་མ་དང་ཁྲལ་སེལ་སླ་བཅོས་གཏན་འགོག་བཅས་བྱས་ནས། དོན་དངོས་མཐོང་བ་དང་ཕན་འབྲས་དོན་གཉེར་བྱས་ཏེ་མང་ཚོགས་ཀྱིས་འགྱུར་ལྡོག་དངོས་སུ་མཐོང་ཐུབ་པ་དང་ཕན་པ་དངོས་ཐོབ་པ་ཏན་ཏིག་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་རྒྱུན་མཐུད་བྱས་ཏེ། བཙན་ཞིང་ནན་པའི་ལྟ་སྐུལ་ལ་བརྟེན་ནས་སྐོར་ཞིབ་དག་ཐེར་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས། ལས་ཀའི་འགན་འཁྲི་ནན་དུ་གཏོང་བར་རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་། ལྷག་པར་དུ“འགོ་གཙོ་དང་པོ”ཡིས་གོང་དཔེ་འོག་སྟོན་མཐའ་འཁྱོངས་ཀྱིས་རང་ཉིད་ཀྱིས་དམ་འཛིན་དང་སྣེ་ཁྲིད་དེ་དམ་འཛིན་བྱས་ཏེ་ཕྱོགས་ཡོངས་ལ་ཁྱབ་པ་དང་། གོང་འོག་འབྲེལ་མཐུད། གཟབ་ནན་ནུས་ལྡན་བཅས་ཀྱི་སྐོར་ཞིབ་དག་ཐེར་གྱི་འགན་འཁྲིའི་མ་ལག་འཛུགས་དགོས། བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་འགན་འཁུར་སྡེ་ཚན་ཁག་གིས་ལས་རིམ་གསལ་འགོད་དང་ལས་ཡུན་ལྡོག་སྒྲིག་བྱས་ཏེ་ཉམས་སད་ཐེག་པའི་སྤྱོད་ཚུལ་ལ་བརྟེན་ནས་འགག་སྒྲོལ་དཀའ་སེལ་གྱིས་དག་ཐེར་དོན་འཁྱོལ་མ་བྱུང་ན་ལྷོད་གཡེང་གཏོང་མི་རུང་བ་དང་ཕན་འབྲས་ཚད་གཞིར་མ་སླེབས་ན་ལྷོད་གཡེང་གཏོང་མི་རུང་། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བར་ལྟ་སྐུལ་བྱེད་པོས་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱས་ཏེ། སྤྱི་འདོམས་མཐུན་སྦྱོར་དང་མཉམ་ཤུགས་ཆགས་པར་བྱས་ནས་དག་ཐེར་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། སྐོར་ཞིབ་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱེད་པར། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྐོར་ཞིབ་དག་ཐེར་ལ་དམ་འཛིན་བྱ་རྒྱུ་དེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་བཏང་ནས། སྐོར་ཞིབ་དག་ཐེར་གྱི་གྲུབ་འབྲས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་པར་ཏན་ཏིག་སྒྱུར་དགོས།