ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཀརྨ་ཚེ་བརྟན་གྱིས་དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་དང་། དྲོད་གཏོང་གློག་གཏོང་འགན་སྲུང་། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2026-02-11 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། ཚེས་9ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་དང་། དྲོད་གཏོང་གློག་གཏོང་འགན་སྲུང་། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
  དུས་ཆེན་གོང་གི་བར་སྐོར་ཚོང་གྲོང་དུ་ཚོང་ཟོག་སྣ་མང་ཕུན་སུམ་ཚོགས་ཤིང་། མི་རིགས་ཁག་གི་མང་ཚོགས་ཚོས་གོ་རིམ་ལྡན་པའི་ངང་ལོ་གསར་གྱི་མཁོ་ཆས་འདེམས་ཉོ་བྱེད་པ་དང་། ཁྲོམ་རའི་མཁོ་སྤྲོད་དང་བྲིན་ཚོང་གཉིས་ཀ་ཡག་པོ་བྱུང་སྟེ་ལོ་གསར་གྱི་རྣམ་པ་ཟབ་མོས་ཁེངས་ཡོད། ཀརྨ་ཚེ་བརྟན་གྱིས་སྐབས་སྐབས་སུ་ཚོང་ཟོག་ལ་གཟིགས་པ་དང་། རིན་གོང་འདྲི་བ། ཟོག་ཁུངས་ཞིབ་བཤེར་གནང་བ་དང་། ཚོང་དུད་དང་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཞིང་། ཁོང་གིས། སྔོན་ཚུད་ནས་ཇུས་འགོད་དང་གྲ་སྒྲིག་ཨང་གསར་བྱས་ཏེ་ནུས་ཤུགས་ཡོད་རྒུས་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱས་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་དགོས། དུས་ཆེན་རིང་མི་འབོར་མང་བས་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་རྒྱུན་མཐུད་མཐོ་རུ་བཏང་སྟེ། ཁྲོམ་རའི་སྒྲིག་ལམ་བཟང་པོ་ཧུར་ཐག་སྲུང་དགོས། བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་བསྲུངས་ནས་བཟའ་བཅའ་དང་། འགྲིམ་འགྲུལ། མེ་ཟོན་སོགས་ཀྱི་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་ཏན་ཏིག་བྱས་ཏེ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
  དྲོད་གཏོང་གློག་གཏོང་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་ལ། མང་ཚོགས་ཀྱི་བདེ་རྩ་དང་ཐད་ཀར་འབྲེལ་བ་ཡོད། ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་ཀུང་སིའི་གྲོང་དབུས(བྱང)ཉེན་སེལ་ལྟེ་གནས་དང་རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིར་ཀརྨ་ཚེ་བརྟན་གྱིས་འཐབ་ས་དང་པོའི་ལས་དོན་པར་གཟིགས་པ་དང་འཚམས་འདྲི་གནང་ནས་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་ཡང་གནང་ཞིང་། ཁོང་གིས། མཐའ་ཚད་ཀྱི་བསམ་བློ་ཟབ་ཏུ་བཏང་ནས་དམིགས་བསལ་གྱི་གནམ་གཤིས་དང་ཐེག་ཚད་ཆེ་ཤོས་སོགས་ལ་དམིགས་ཏེ་འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཉེན་ཁ་སྔོན་འགོག་དང་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ། ཞབས་ཞུ་འགན་ལེན་གྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
  གྲང་ཕྲེང་ཟོག་འགྲུལ་ནི་ཐོན་སྐྱེད་དང་འཛད་སྤྱོད་དང་། གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཐུད་བྱེད་མཁན་ཡིན་ལ། དམངས་འཚོའི་མཁོ་སྤྲོད་འགན་ལེན་དང་ཐོན་ལས་རིམ་སྤོར་ལ་འདེགས་སྐྱོར་བྱེད་པའི་འགག་རྩའི་རྨང་གཞིའི་སྒྲིག་བཀོད་ཅིག་ཀྱང་རེད། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་གྲང་ཕྲེང་ཟོག་འགྲུལ་ཁེ་ལས་སུ་ཀརྨ་ཚེ་བརྟན་དྲོད་ཚད་–18℃ཀྱི་འཁྱགས་ཁང་ནང་ཕེབས་ནས་ས་གནས་ས་ཐོག་ཏུ་ལུག་ཤ་དང་ཚགས་ཤ་སོགས་ཀྱི་དངོས་ཟོག་གྲབས་གསོག་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས། ནུས་ལྡན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོ་ལེགས་སུ་གཏོང་བ། འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཐད་ཀྱི་གྲང་ཕྲེང་ཟོག་འགྲུལ་གྱི་ནུས་པ་གལ་ཆེན་གང་ལེགས་འདོན་པ་དང་། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ། བརྒྱུད་རིམ་ལྡན་པའི་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། བཀོད་པ་ལུགས་མཐུན་ངང་ལེགས་སུ་གཏོང་བ། གྲང་ཕྲེང་ཟོག་འགྲུལ་མ་ལག་མགྱོགས་མྱུར་སྐྲུན་པ། ཐོན་རྫས་འཁོར་རྒྱུག་གི་ལས་ཕྱོད་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།