“ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ལྗོངས་ཀྱིས་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་720ལེགས་སྒྲུབ་བྱས་པ།
སྤེལ་དུས 2026-02-11
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་720ལེགས་གྲུབ་ཟིན་པ་དང་། སྤྱི་ཕན་ནགས་ཚལ་སྤྱི་ཆིང་ཁྲི་1188བདག་སྐྱོང་བྱས་པ། ནགས་ས་བདག་ཡོད་གྲངས་ཚད་སྤྱི་ཆིང་ཁྲི་1746བརྟན་པོ་བྱུང་ནས་ནགས་ཚལ་ཁེབས་ཚད་12.54%བར་མཐོ་རུ་ཕྱིན་པ་དང་ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་22.8བརྟན་པོ་བྱུང་ནས། འཆར་འགོད་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་སྟེ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་གྱི་མཇུག་བསྡུ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་ལེན་བསྟར་བའི་ཞིབ་ཕྲའི་ལག་ལེན་ལ་བརྩིས་ཏེ། ལྗོངས་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་གཙོ་གནད་ལས་འགན་གྱི་གསལ་ཐོའི་ནང་བཅུག་པ་དང་། ས་གནས་ཁག་དང་རིམ་པ་ཁག་གི་དམིགས་ཚད་ལས་འགན་ཁ་གསལ་བཟོས་པ། གཙང་པོ་དང་ཆུ་བོའི་འབབ་རྒྱུད་དང་། གཙོ་གནད་སྐྱེ་ཁམས་ས་ཁོངས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཐའ་འཁོར་སོགས་འགག་རྩའི་ས་ཁོངས་ལ་དམིགས་པ། ཤིང་འཛུགས་ནགས་བཟོ་དང་། རི་རྒྱ་བསྡམས་ནས་ནགས་ཚལ་གསོ་བ། ཞན་འགྱུར་ནགས་རྩྭ་ཉམས་གསོ་སོགས་གཙོ་གནད་འདུ་འགོད་ལག་བསྟར་གནད་སྨིན་བྱས་ཡོད།
“‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་ང་ཚོའི་ལས་དོན་གཙོ་གནད་དེ་གཞི་ཁྱོན་དང་རྒྱ་ཁྱོན་ཆེ་རུ་གཏོང་བ་ནས་གྲུབ་ཆ་ལེགས་གཏོང་དང་བར་མཐོངས་ཀྱི་རིན་ཐང་འཕར་བའི་ཕྱོགས་སུ་འགྱུར་བ་བྱེད་པ་དང་ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཚད་ཆ་མི་ཚང་བ་དང་བཅོས་སྐྱོང་མ་ལག་ཞན་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་བསལ་ནས་རང་ལྗོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་དེ་ཚན་རིག་ཅན་དང་། མ་ལག་ཅན། ཕྱོགས་བསྡུས་ཅན་བཅས་སུ་བསྒྱུར་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་ཁྲུའི་ཁྲུའུ་ཀྲང་གཞོན་པ་བསོད་ནམས་རྒྱལ་མཚན་གྱིས་བཤད།