དཔྱིད་ཀྱི་དཔལ་ཡོན་འཛིན་མའི་ཁྱོན་ལ་བཞད། མི་ཡི་ཡུལ་དུ་ཕན་བདེས་ཡོངས་སུ་གཏམས། མཛའ་ཞིང་བརྩེ་བའི་གྲོགས་པོ་རྣམ་པ་ཚོ། གནམ་ལོ་གསར་པའི་ཉི་ཟེར་འཆར་བའི་དུས་བཟང་འདིར། ངས་རྒྱལ་ཁབ་ཕྱི་ནང་དུ་བཞུགས་པའི་བོད་རིགས་སྤུན་ཟླ་རྣམས་དང་། གངས་ལྗོངས་ཀྱི་གོང་འཕེལ་ལ་ཐུགས་ཁུར་གནང་མཁན་ཡོངས་ལ་བོད་མེ་རྟ་ལོའི་གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན། ལྷན་རྒྱས་ལོ་གསར་ལ་བཀྲ་ཤིས་བདེ་ལེགས།
འདས་ཟིན་པའི་ཤིང་སྦྲུལ་ལོར། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་ལེགས་གྲུབ་བྱུང་བ་དང་། ཀྲུང་ཧྭ་ཡི་ས་གཞི་ཆེན་མོའི་ཐོག་དཔལ་འབྱོར་དར་ཞིང་རྒྱས་པ་དང་། གསར་གཏོད་ཀྱི་ཚ་རླབས་འཕྱུར་བ། རིག་གནས་ཀྱི་ལྡུམ་ར་ཕུན་སུམ་ཚོགས་པ། དམངས་ཀྱི་འཚོ་བ་ཉིན་རེ་བཞིན་གྲ་རྒྱས་སུ་ཕྱིན་པ། མི་རིགས་ཁག་གི་སྤུན་ཟླ་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གཏོད་པ་དང་མཉམ་དུ་ལོངས་སུ་སྤྱད་ཡོད། ང་ཚོ་ས་མཐོའི་བུ་ཕྲུག་རྣམས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་དཀའ་སྤྱད་འབད་འབུངས་དང་། གཟི་བརྗིད་མཉམ་གཏོད་བྱས་པས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྒྱང་ལམ་གསར་པའི་ཐོག་གོམ་པ་བརྟན་པོ་ཞིག་སྤོ་ཐུབ་ཡོད། གྲུབ་འབྲས་དེ་ལྟ་བུ་ནི་དཀའ་སྤྱད་འབད་འཐབ་བྱེད་མཁན་ཡོངས་དང་། ཁྱིམ་གཞིས་སྲུང་སྐྱོང་བྱེད་མཁན་ཡོངས་ལ་དབང་བ་ཞིག་རེད།
འདས་ཟིན་པའི་ཤིང་སྦྲུལ་ལོར། ང་ཚོས་ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སེར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་དང་། རྒྱལ་ཁའི་གཟི་འོད་དེས་དུས་ནམ་ཡང་ཀྲུང་ཧྭ་ཡི་བུ་ཕྲུག་ཡོངས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུར་སྐུལ་མ་གཏོང་བཞིན་ཡོད། ང་ཚོས་དགའ་སྤྲོ་ཆེན་པོའི་ངང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་གངས་ལྗོངས་ས་མཐོར་ཆིབས་བསྒྱུར་གནང་ནས་ས་འཛིན་དབང་པོ་ལས་ལྷག་པའི་གཟིགས་སྐྱོང་བསྩལ་བས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ཆེད་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་པའི་སྒུལ་ཤུགས་རླབས་པོ་ཆེ་བསྩལ་གནང་ཡོད།
འདས་ཟིན་པའི་ཤིང་སྦྲུལ་ལོར། ང་རང་ས་མཐོའི་གྲོང་ཁྱེར་དང་གྲོང་གསེབ་ཁག་ལ་སྐྱོད་སྐབས། ཡུལ་གྲུ་དེ་དག་གི་ཉིན་རེ་བཞིན་གྱི་འགྱུར་ལྡོག་དང་རྫོགས་མཐའ་མེད་པའི་གསོན་ཤུགས་མིག་མཐོང་ལག་ཟིན་བྱུང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཐད་མུ་མཐུད་གྲུབ་འབྲས་བཟང་པོ་ཐོབ་པ་དང་། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྐས་རིམ་གསར་པར་སླེབས་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བ། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་འཛུགས་སྐྲུན་ལས་འགོ་བཙུགས་ཐུབ་པ། ཁྲོན་བོད་ལྕགས་ལམ་བདེ་བླག་ངང་འཛུགས་སྐྲུན་བྱེད་བཞིན་པ། ཐོན་སྐྱེད་ནུས་ཤུགས་གསར་པའི་མྱུ་གུ་ས་མཐོའི་ཞིང་ས་གཤིན་པོའི་ཐོག་འབུས་བཞིན་པ་སོགས། མདོར་ན། དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་ས་མཐོའི་མཛེས་རིས་མངོན་སུམ་དུ་མཐོང་བྱུང་།
དམངས་ཀྱི་འཚོ་བའི་ལས་གཞི་ཆེན་པོ་བཅུ་ཡིས་ཁྱིམ་ཚང་འབུམ་ཕྲག་མང་པོར་ཕན་པ་བསྐྲུན་པ་དང་། དམངས་ཕན་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱུང་བ། སློབ་གསོའི་འགན་ལེན་གསུམ་གྱི་ཚད་གཞི་ཇེ་མཐོར་བཏང་བ། མང་ཚོགས་ཀྱི་བདེ་ཐང་དང་རྒན་གསོར་དེ་བས་འགན་སྲུང་ཐུབ་ཡོད། ཞིང་འབྲོག་པའི་ཕྱུག་འགྱུར་ལམ་བུ་ཟམ་མི་ཆད་པར་བཤངས་པ་དང་། སྲོལ་རྒྱུན་ལག་ཤེས་རྒྱ་ཁྱབ་ངང་དེང་སྐབས་ཀྱི་འཚོ་བའི་ནང་སྤྱོད་པ་བཅས་ཤེས་རྟོག་ཟབ་མོ་བྱུང་ལ། ལྷ་སའི་བར་སྐོར་གནའ་གྲོང་དེ་ཉིད་སྲུང་སྐྱོབ་ཁྲོད་རྣམ་པ་གསར་པར་འགྱུར་བ་དང་། ས་མཐོའི་ཞི་མཐུན་གྲོང་གསེབ་གངས་ལྷ་མེ་ཏོག་ལྟར་གངས་རིའི་ཁྲོད་དུ་བཞད་པ། མང་ཚོགས་ཀྱི་ཁྱིམ་གཞིས་དེ་བས་དེང་རབས་ཅན་དུ་འགྱུར་བ། མང་ཚོགས་ཀྱི་ཐོབ་ཚོར་དང་དགའ་ཚོར་སྔར་བས་མངོན་གསལ་དོད་པར་འགྱུར་ཡོད།
འདས་ཟིན་པའི་ཤིང་སྦྲུལ་ལོར། ཆོས་དད་རང་མོས་ལ་འགན་ལེན་གང་ལེགས་ཐོབ་པ་དང་། ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ཐུབ་ཡོད་ལ། གྲུབ་མཐའ་ཁག་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་འཛིན་སྐྱོང་བྱས་ནས། མི་སེམས་རྣམ་དཀར་དགེ་བའི་ལས་ལ་ཕྱོགས་པ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བཞིན་ཡོད། བྱམས་སྙིང་རྗེ་དང་ཤེས་རབ་ཀྱི་ལྟ་སྒོམ་དུས་རབས་གོང་འཕེལ་གྱི་རླབས་རྒྱུན་དང་འདྲེས་པར་གྱུར་ཡོད། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ས་མཐོའི་རི་ཀླུང་གང་སར་རྣམ་པར་བཞད་ཅིང་། མི་རིགས་ཁག་གི་སྤུན་ཟླ་རྣམས་བརྩེ་བ་ཤིན་ཏུ་ཟབ་པ་དང་། སེའུ་འབྲུའི་འབྲུ་གུ་ལྟར་རྡོག་རྩ་གཅིག་ལ་སྒྲིལ་ནས་གནས་ཡོད། བྱང་སྐར་སྤུན་བདུན་ལ་བལྟས་ན་ལམ་མི་ནོར་བ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ཅེས་པ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་མོས་སེམས་བརྟན་པོ་ཞིག་ཏུ་གྱུར་ཡོད། དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་གི་བོད་ལྗོངས་འཛུགས་སྐྲུན་བྱས་པ་ཡིས། གྲོང་མི་རྣམས་སྔར་བས་གནས་བཟོད་བདེ་བར་གྱུར་ཡོད། དིང་རིའི་ས་ཡོམ་སྐབས་མི་སེམས་ཀྱི་བརྩེ་བ་ཆེན་མོའི་དྲོ་སྐྱིད་སླར་ཡང་ཚོར་བ་དང་། རྒྱལ་ཡོངས་མི་དམངས་ཀྱིས་བློ་སེམས་གཅིག་མཐུན་ངང་རོགས་སྐྱོར་གནང་བས། གནོད་འཚེ་ཕོག་པའི་ལོ་དེ་རང་ལ་བསྐྱར་འཛུགས་བྱས་པ་དང་། ལོ་དེ་རང་ལ་ཁང་པ་གསར་པའི་ནང་སྤོ་ཐུབ་པའི་ཀྲུང་གོའི་མྱུར་ཚད་དང་ཀྲུང་གོའི་དྲོ་སྐྱིད་མངོན་གྱུར་བྱུང་བ་དང་། གནོད་འཚེ་ཕོག་ཁུལ་ནས་སླར་ཡང་ཚ་སོབ་སོབ་ཀྱི་འཚོ་བའི་ཉམས་སྣང་མངོན་པ་དེས་ཡིད་ཆེས་དང་རེ་བས་ཁེངས་པ་མཚོན་ཡོད།
དུས་ཀྱི་གནམ་ལོ་གསར་དུ་ཚེས། ཡུལ་གྱི་དཔལ་ཡོན་མཚར་དུ་དངར། མེ་ཕོ་རྟ་ཡིས་གསོན་ཤུགས་དང་། འབད་འབུངས། མཆོང་སྐྱོད་བཅས་མཚོན་གྱི་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་འགོ་འཛུགས་པའི་ལོ་འདིར། རྒྱང་སྐྱོད་གསར་པའི་དུང་བརྡ་བསྒྲགས་ཟིན་ཡོད། ང་ཚོས་རླབས་ཆེན་མེས་རྒྱལ་དང་རླབས་ཆེན་དུས་རབས་ཀྱི་བཀའ་དྲིན་ཚོར་བ་དང་། རང་ནུས་སྐྱེས་སུ་འབུལ་མཁན་རྣམས་ཀྱི་བཀའ་དྲིན་ཚོར་བ་བྱེད་དགོས། ང་ཚོས་ཤེས་རབ་ཀྱིས་སྲབ་དང་། བྱམས་སྙིང་རྗེ་ཡིས་སྒ་བྱས་ཐོག མཐུན་སྒྲིལ་བྱེད་པའི་ཁྲོད་སྟོབས་ཤུགས་གཅིག་བསྡུས་དང་། ལེགས་སྐྱེས་འབུལ་བའི་ནང་མི་ཚེའི་རིན་ཐང་དོན་དུ་གཉེར་ནས། མཉམ་དུ་མེས་རྒྱལ་གྱི་བླ་མེད་མངའ་ཁོངས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། བདེ་སྐྱིད་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་དགོས།
བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །
མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །
སྐྱེས་པ་ཉམས་པ་མེད་པར་ཡང་། །
གོང་ནས་གོང་དུ་འཕེལ་བར་ཤོག །
རྒྱལ་སྲིད་དར་ཞིང་དམངས་རྣམས་བདེ་བ་དང་། འཛམ་གླིང་ཞི་བདེ་ཡོང་བ། འགྲོ་དྲུག་བདེ་ལ་འཁོད་པ་བཅས་ཀྱི་སྨོན་ལམ་ཞུ་རྒྱུ་དང་། ལྷན་རྒྱས་ཚང་མ་མེ་རྟ་ལོར་རླུང་རྟ་དར་ཞིང་། ཚོགས་དང་བསོད་ནམས་འཕེལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། །