སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལག་བསྟར་བྱས་པ།
སྤེལ་དུས 2026-03-18
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཟླ་3ཚེས་16ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་བཅས་བྱས་པ་མ་ཟད། བོད་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།
སློབ་སྦྱོང་བྱས་པ་བརྒྱུད། ཚང་མས་ངོས་འཛིན་གནང་དོན། ད་ཐེངས་ཀྱི་རྒྱལ་ཡོངས་ཚོགས་འདུ་གཉིས་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད་ལ། རྒྱལ་ཡོངས་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ། འཐབ་ཇུས་ཀྱི་མཛུབ་ཁྲིད་རང་བཞིན་ཆེ་བ་བཅས་ཡིན་ཞིང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་ཡོད། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་སོགས་ཡིག་ཆ་གལ་ཆེན་ལ་ཆོག་མཆན་གནང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་སོགས་ལ་གྲོས་འཆམ་བྱུང་བས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེ་ལ་གཏིང་ཟབ་ལྡན་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་ངོ་བོ་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་བླངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། འདས་ཟིན་པའི་ལོ་གཅིག་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བཅས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཚོགས་འདུ་གཉིས་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་གོ་བ་གཏིང་ཟབ་བླངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། ཕྱོགས་ཡོངས་ནས་ཚད་གཞི་དང་ཡང་ཡང་བསྡུར་བ། དམིགས་ཚད་ལས་འགན་གཞི་རྩར་འཛིན་པ་བཅས་བྱས་ནས། གཙོ་གནད་ལས་འགན་ཚང་མར་ཞིབ་འཇུག་མཐར་ཕྱིན་ཧུར་ཐག་གིས་བྱ་གཞག་ཁག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་སུ་འགྱུར་བར་བྱེད་པ་དང་། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་མཛུབ་ཁྲིད་དུ་བྱས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་སྔར་བས་འཐུས་སྒོ་ཚང་དུ་དང་ལེགས་སུ་བཏང་སྟེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་གཏོང་བ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས“དོན་ཆེན་བཞི”དོན་འཁྱོལ་ལ་རྒྱུན་བསྲིང་ལྷོད་མེད་ངང་སྤྱི་འདོམས་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2025ལོར་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་གཏིང་ཟབ་རྒྱུན་མཐུད་ངང་བྱེད་པ། ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་རང་ས་ཁུལ་དང་། རང་སྡེ་ཚན། རང་ལས་རིགས་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་ནན་དུ་གཏོང་བ། བྱ་ཐབས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ།“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་དང་རྒྱ་སྐྱེད་གཏོང་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ནས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡུལ་བབ་དང་བསྟུན་ནས་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་ཤུགས་ཆེན་བྱེད་པ། ནུས་རྒྱུ་གཙང་མ་དང་། ལྗང་མདོག་གཏེར་ལས། རིག་གནས་ཡུལ་སྐོར། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་སོགས་ཀྱི་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ། ནུས་ལྡན་གྱི་མ་དངུལ་འཇོག་རྒྱ་རྒྱུན་མཐུད་ཆེ་རུ་གཏོང་བ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་ནང་མགྱོགས་མྱུར་ཞུགས་པ། ཨེ་ཤེ་ཡ་ལྷོ་མར་སྒོ་དབྱེའི་བགྲོད་ལམ་གལ་ཆེན་སྐྲུན་པ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ལ་མིག་སྔར་གསོན་ཤུགས་རྒྱས་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པར་བྱེད་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། “དམངས་འཚོའི་ལས་གཞི་ཆེན་པོ་བཅུ”ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། སེམས་ནུས་ཡོད་རྒུས་མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་དེ་བས་དྲང་གཞག་གི་ཕན་པ་སྔར་ལས་མང་བ་ཐོབ་པར་བྱེད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དོན་འཁྱོལ་ནན་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་དང་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ཚན་རིག་དང་མཐུན་པའི་སྒོ་ནས་ལག་བསྟར་བྱེད་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་ཏན་ཏིག་གཏོང་དགོས། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་དང“རིག་ལྡན་མཐའ་སྲུང”འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་རྒྱུན་མཐུད་ངང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཧུར་ཐག་བསྐྲུན་ནས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ཚ་རླབས་མགྱོགས་མྱུར་འཕྱུར་བར་བྱས་ཏེ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་སློབ་སྦྱོང་དང་། སྔོན་ལ་སློབ་སྦྱོང་། སློབ་སྦྱོང་གཏིང་ཟབ་བཅས་བྱས་ཏེ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་ཉིད་རིམ་ཁག་ཏང་ཨུད་དང་ཏང་གི་སློབ་གྲྭའི་སློབ་ཚན་ནང་བཅུག་ནས་གསལ་འགྲེལ་དང་འཆད་འགྲེལ་ཡག་པོ་བྱེད་པ་དང་། དྲིལ་བསྒྲགས་དང་སྒྲོག་འགྲེལ་ལ་དམ་འཛིན་ཡག་པོ་བྱེད་པ། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་མཐོང་འདོད་ཉན་སྤྲོའི་ཐབས་ལམ་ལ་བརྟེན་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་གཞི་རིམ་དང་མང་ཚོགས་ལ་དྲིལ་བསྒྲགས་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དོ་དོ་ནན་ནན་དང་ཏན་ཏན་ཏིག་ཏིག་ངང་སྤེལ་ཏེ“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཐག་གཅོད་པ། དངོས་འཛིན་དངོས་སྒྲུབ་བྱེད་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། དེ་ཉིད་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ། མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་བྱས་རྗེས་འཇོག་པ་མཐའ་འཁྱོངས་བཅས་བྱས་ཏེ་ལོ་རྒྱུས་དང་། མི་དམངས། ལག་ལེན་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་ལས་རྗེས་ཧུར་ཐག་འཇོག་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ཆེན་པོས་དོན་འཁྱོལ་བྱས་ཏེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་ཧུར་ཐག་གཏོད་དགོས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་སྟོན་ཕྱོགས་མངོན་གསལ་དོད་པོ་འཛུགས་པ་དང་། ཕུལ་བྱུང་ཤེས་ལྡན་པ་འབུར་དུ་ཐོན་པའི་སྒྲིག་སྲོལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། འགན་འཁུར་ཕོད་པ་དང་། ཐེག་པ་ཁུར་དུ་ལེན་ཕོད་པ། ལས་དོན་སྒྲུབ་མཁས་པ། ལས་རྗེས་མངོན་གསལ་དོད་པ་བཅས་ཀྱི་ལས་བྱེད་པ་འདེམས་སྒྲུག་ཤུགས་ཆེན་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཤེས་ལྡན་པའི་འདེགས་སྐྱོར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་དང་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ལས་དོན་རྒྱུན་མཐུད་ཡག་པོ་སྒྲུབ་པ། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་། འཐུས་ཚང་། འཁོར་རྒྱུག་བཅས་ཡག་པོ་ཡོང་བར་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ནུས་པ་གང་ལེགས་འདོན་པ། སྲིད་གཞུང་གི་བཅོས་སྐྱོང་ནུས་ཕྱོད་དང་ཁྲིམས་ལྟར་སྲིད་འཛིན་གྱི་ཆུ་ཚད་མཐོ་རུ་གཏོང་བ། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ནུས་པ་སྔར་ལས་ལྷག་པ་འདོན་པ། ཕྱོགས་གང་ཅིའི་ཐད་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས།