ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

སྤེལ་དུས 2026-03-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། བོད་ལ“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་གཏན་འཁེལ་གནང་བར་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གྲུབ་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཕྱིན་པ་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཡར་རྒྱས་གསར་པ་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ཡོད།
  བློ་བརྟན་འགྱུར་མེད་ངང་མཐུན་སྒྲིལ་དང་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་སྲ་བརྟན་དུ་བཏང་ནས་ཡུན་རིང་བདེ་འཁོད་ཆེད་རྨང་གཞི་བརྟན་པོ་བཏིང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཡོང་བར་དང་ཐོག་བོད་ཀྱི་ཆབ་སྲིད་ལྷིང་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ་བཅས་རྒྱུན་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་ཡོད། ང་ཚོས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་བྱེད་པ། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་དང་རྟག་ཏུ་སྒྲུབ་པ་དང་གཞི་རིམ་དུ་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱས་པས། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་99%ཡན་ཟིན་ཡོད། སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་དང་མ་ལག་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་མཐའ་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་དང་སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་སྤྱི་ཚོགས་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་དོན་རྒྱུན་མཐུད་སྤེལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱས་པས། མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། བོད་དང་འབྲེལ་ཡོད་ཞིང་ཆེན་དབར་གྱི་དཔལ་འབྱོར་དང་། རིག་གནས། མི་སྣ་བཅས་ཕྱོགས་གཉིས་ཀྱི་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། 2025ལོར་ལྗོངས་ཡོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཁྲི་5ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ལྗོངས་ཕྱིར་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་མཐོ་སློབ་སློབ་ཐོན་སློབ་མ་3700ལྷག་ཙམ་ལྗོངས་ཕྱིར་ལས་ཞུགས་ལས་གཏོད་བྱེད་པར་བསྐྱོད་ཡོད། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོར་རྒྱུན་རྣམ་ཅན་གྱི་སྒོ་ནས་སྐུལ་འདེད་གཏོང་བ། ཆོས་ལུགས་ལས་དོན་གྱི་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ཆོས་ལུགས་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་པས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཉིན་རེ་བཞིན་འཚམ་མཐུན་བྱུང་ཡོད།
  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་ཡུལ་བབ་དང་བསྟུན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། བོད་འཕེལ་རྒྱས་ནི་དཔལ་འབྱོར་གྱི་གནད་དོན་རྐྱང་པ་མིན་པར་ཆབ་སྲིད་ཀྱི་གནད་དོན་དང་། དཔལ་འབྱོར་གྱི་གནད་དོན། སྤྱི་ཚོགས་ཀྱི་གནད་དོན། དམངས་འཚོའི་གནད་དོན་བཅས་ཀྱི་རྩོད་སྒྲུབ་གཅིག་གྱུར་ཞིག་རེད། ང་ཚོས“འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། ཚང་མར་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་དགོས་པ། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། དེ་དག་ཚང་མས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་བར་ཕན་འདོགས་དགོས་པའི”སྤྱིའི་བླང་བྱ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ནས་མཇུག་བར་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། བོད་ཀྱི་དཔལ་འབྱོར་གྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ནས་དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་ལོ་ཤས་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་ཅིང་། 2025ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་7%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་17.2%འཕར་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་14.7%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6%དང་7.4%ཁག་སོ་སོར་འཕར་ཡོད། རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་ལག་ལེན་བསྟར་བར་ཞབས་འདེགས་དང་འགན་ལེན་བྱས་ནས། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་སྐྲུན་འགོ་ཚུགས་པ་དང་། ཁྲོན་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མགྱོགས་མྱུར་སྐུལ་འདེད་གཏོང་བ། ལྷ་སའི་བར་སྐོར་གནའ་གྲོང་སྲུང་སྐྱོང་དང་གྲོང་ཁུལ་རྙིང་པ་སྒྱུར་བཀོད་རིམ་སྤོར་ལས་གྲྭར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གཙོ་གནད་རྣམ་གྲངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་བཏང་སྟེ། ཁྱད་ལྡན་ཞིང་འབྲོག་ལས་དང་། ས་མཐོའི་ཡང་བའི་བཟོ་ལས། ལྗང་མདོག་གཏེར་ལས། བོད་ལུགས་གསོ་རིག ཐོན་ཁུངས་ལས་སྣོན་ལས་རིགས་སོགས་ཐོན་ལས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། རིག་གནས་ཡུལ་སྐོར་དང་མཐའ་མཚམས་ཚོང་དོན་ཟོག་འགྲུལ་སོགས་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་བས་ཐོན་ལས་ཀྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་རིམ་སྤར། ནུས་རྒྱུ་གཙང་མ་དང་། གྲངས་འཛིན་དཔལ་འབྱོར། དམའ་དབྱིངས་དཔལ་འབྱོར་སོགས་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་བཏང་ནས་ཐོན་ལས་སྤུས་ལེགས་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་ལམ་སྲོལ་གྱི་འགལ་རྐྱེན་ལ་དམིགས་པ་དང་། གདིང་རྩའི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྤྱི་འདོམས་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བཅས་བྱས་པས། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་སྤྱི་ཚོགས་ཀྱི་གསོན་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད།
  དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་མཐའ་འཁྱོངས་བྱས་ཏེ་བོད་དུ་ཏང་གིས་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཞིང་། མི་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཏེ། “དམངས་འཚོའི་འདུ་འགོད་ཆེན་པོ་ཁག་བཅུ”ལག་ལེན་གཏིང་ཟབ་བསྟར་བ་དང་། ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་བཅོལ་སོགས་དམངས་འཚོའི་བྱ་བ་དངོས་སེམས་ནུས་ཡོད་རྒུས་ལེགས་པར་བསྒྲུབས་ཡོད། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ལྷག་ཙམ་ཟིན་ཡོད། ལྗོངས་ཡོངས་ཀྱི་ལས་བཟོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐད་ཞིང་ཆེན་རིམ་པ་ནས་སྤྱི་འདོམས་བྱེད་པ་དང་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ས་ཁུལ(གྲོང་ཁྱེར)བདུན་ལ་ཁྱབ་ཡོད། ས་མཐོའི་མཛེས་མཐུན་གྲོང་གསེབ་1000འཛུགས་སྐྲུན་བྱས་ཏེ་ཤང་དང་གྲོང་རྡལ་ཚང་མ་དང་སྲིད་འཛིན་གྲོང་ཚོ་90%ཡན་ལ་ཨར་འདམ་ལམ་ཤར་གཏོང་ཐུབ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དྲོད་རླངས་མཁོ་འདོན་དང་གསོ་རླུང་མཁོ་འདོན་ལས་གྲྭར་སྐུལ་འདེད་བརྟན་པོ་བཏང་ནས། ལྗོངས་ཡོངས་ཀྱི་ས་བབ་སྨི་5000ཡན་གྱི་ཤང་དང་གྲོང་རྡལ་དང་ཞིང་འབྲོག་ཁུལ་ལ་དྲོད་རླངས་མཁོ་འདོན་ཐུབ་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། དབུལ་སྒྲོལ་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་ཚད་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཆ་སྙོམས་ཆུ་ཚད་ལས་རྒྱུན་མཐུད་མཐོ་བ་ཡོད། དིང་རིའི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་ལས་དོན་ཚན་རིག་དང་མཐུན་ཞིང་ནུས་ཆེ་དང་གོ་རིམ་ལྡན་པའི་ངང་སྤེལ་ནས། ས་མཐོར་གསོ་རླུང་དཀོན་པ་དང་། ཨར་ལས་རྒྱུ་ཆ་ཁ་ཐང་བ། ཨར་སྐྲུན་སྟོབས་ཤུགས་ཞན་པ་བཅས་ཀྱི་གེགས་ཁུལ་དུ“ལོ་དེར་གནོད་འཚེ་ཕོག་པ་དང་ལོ་དེ་རང་ལ་ཁང་པ་གསར་པར་སྤོ་ཐུབ་པའི”ལས་དོན་གྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
  སྐྱེ་ཁམས་སྔོན་འཇོག་དང་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་བཏོད་ཅིང་། བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པས་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་འགན་འཁྲི་ལྕི་ཤོས་ནི་སྐྱེ་ཁམས་ཡིན་ལ་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་རེད། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“རི་གཉིས”ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་གཏིང་ཟབ་བྱས་པ་དང་། ཐཱན་ཚད་དམའ་རུ་གཏོང་བ་དང་། སྦགས་བཙོག་ཉུང་གཏོང་། སྔོ་ལྗང་ཅན་ཆེར་གཏོང་། འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་སྤེལ་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད། དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་རྒྱུན་མཐུད་ཡག་པོ་བརྒྱབ་ནས་བོད་ཀྱི་ནམ་མཁའ་དེ་བས་སྔོ་བ་དང་། ཆུ་མོ་དེ་བས་དྭངས་པ། རི་བོ་དེ་བས་སྔོ་ལྗང་། ཁོར་ཡུག་དེ་བས་མཛེས་པ་བཅས་ཡོང་བར་བྱས་ནས་ལྗོངས་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་99%ཡན་རྒྱུན་འཁྱོངས་ཐུབ་པ་དང་གཙང་པོ་དང་། ཆུ་བོ། མཚོ་བཅས་ཀྱི་ཆུ་སྤུས་ལེགས་པའི་བསྡུར་ཚད་100%ཟིན་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་ཏེ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་ཏན་ཏིག་བཏང་བ་དང་རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་110ལྷག་ཙམ་བྱས་པ་དང་། མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་31ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་པ། ནགས་ཚལ་ཁྱབ་ཚད་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་12.54%དང་50%བར་ཁག་སོ་སོར་མཐོ་རུ་བཏང་ཡོད། སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་དམངས་བདེ། སྐྱེ་ཁམས་དམངས་ཆེད་བཅས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ལམ་སྲོལ་དོན་འཁྱོལ་བྱས་པ་དང་། སྐྱེ་ཁམས་ལས་གནས་ཁྲི་40ལྷག་ཙམ་མཁོ་འདོན་བྱས་པས་སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་འབབ་འཕར་མཉམ་འགུལ་ཡག་པོ་བྱུང་ཡོད།
  མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཞིང་། བོད་ཀྱི་མཐའ་མཚམས་ས་ཁུལ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་ཀྱི་འགོག་རགས་དང་པོ་དེ་ཡིན་པ་དང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་འཐབ་ས་མདུན་མ་རེད། ང་ཚོས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ་དང་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་སྲོལ་ཡིག་ལག་བསྟར་གཏིང་ཟབ་བྱེད་པ་དང་མཐའ་སྲུང་འཛུགས་སྐྱོང་དང་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་ཤུགས་ཆེན་བཏང་ཡོད། མཐའ་དར་དམངས་ཕྱུག་གི་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་གཞུང་ལམ་དང་གནམ་ཐང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། མཐའ་མཚམས་ཀྱི་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ། ཕུགས་ཀྱི་སེམས་ཁྲལ་སེལ་རོགས་བཅས་བྱས་ཏེ་མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་། འཚོ་བ་ལེགས་སུ་གཏོང་བ། རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱེད་ཐུབ་པར་བྱས་ཡོད། རིག་ལྡན་མཐའ་མཚམས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཉམ་དུ་མཐའ་མཚམས་སྲ་བརྟན་དུ་གཏོང་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད།
  ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་འགན་ལེན་བརྟན་པོ་བྱས་ཤིང་། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་ཏང་དར་རྒྱས་བྱུང་ན་གཞི་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་ཐུབ། ང་ཚོས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་དང་ལྷག་པར་དུ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་ལེན་གཏིང་ཟབ་བསྟར་བ་དང་། རྒྱ་ཆེའི་ལས་བྱེད་པར་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བར་སློབ་གསོ་ཁྲིད་སྟོན་བྱེད་པ། ཏང་ལ་དོ་དམ་ནན་པོ་དང་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་བཏང་ཡོད། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞི”ཡི་ཆབ་སྲིད་ཀྱི་བླང་བྱ་མཐའ་འཁྱོངས་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་མི་སྤྱོད་སྟོན་ཕྱོགས་གསལ་པོ་འཛུགས་པ། འགོ་ཁྲིད་ལས་བྱེད་པའི་གོ་གནས་འཕར་ཆག་གཉིས་རུང་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། འགན་འཁྲི་འཁུར་ཕོད་པ་དང་། ཐེག་པ་ཁུར་ལེན་བྱེད་ཕོད་པ། ལས་དོན་སྒྲུབ་མཁས་པ། ལས་རྗེས་མངོན་གསལ་དོད་པ་བཅས་ཀྱི་ལས་བྱེད་པ་འདེམས་སྒྲུག་ཤུགས་ཆེན་བྱས་ཏེ་བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་ལས་བྱེད་པར་གོ་སྐབས་ཡོད་པར་བྱས་ཡོད། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སྙིང་རུས་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་རྒྱུན་མཐུད་སྤེལ་བ་བཅས་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་འགོག་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པར་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་བརྟན་པོར་འཛུགས་པ་དང་། “ཐར་པར་གཏན་ནས་མི་གཏོང་བའི”རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ཆད་པ་གཅོད་པ། ངན་རུལ་མཉམ་བཤེར་མཉམ་བཅོས་གཏིང་ཟབ་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་གཏིང་ཟབ་བྱེད་པ་བཅས་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད།
  2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུཌ་ལོ་ཡིན་པས་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་ཀྱི་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་རྒྱུ་ནི་ང་ཚོར་འཕྲད་པའི་ལས་འགན་གལ་ཆེན་ཞིག་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོཌ་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། གདེང་ཚོད་བརྟན་དུ་དང་སེམས་ཤུགས་ཆེར་སྐྱེད་ཀྱིས“དོན་ཆེན་བཞི”དོན་འཁྱོལ་བྱེད་པར་རྒྱུན་སྲིང་ལྷོད་མེད་ངང་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་ནས་སྤྱི་ཚོཌ་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཧུར་ཐག་སྐྲུན་དགོས།