ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

གཞིས་རྩེ་གྲོང་ཁྱེར་གྱི་ཁྱབ་ཁོངས་ཡོངས་སུ་ཞིབ་བཤེར་རྩིས་ལེན་སྔོན་ལ་བྱས་ཟིན་པ།

སྤེལ་དུས 2026-03-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་ཡུལ་དངོས་བརྟག་དཔྱད་ཞིབ་བཤེར་ལས་དོན་ལ་སྐུལ་འདེད་བཏང་ཞིང་། མིག་སྔར། གཞིས་རྩེ་གྲོང་ཁྱེར་གྱི་ཁྱབ་ཁོངས་ཡོངས་སུ་ཞིབ་བཤེར་རྩིས་ལེན་སྔོན་ལ་བྱས་ཟིན་པ་རེད།

            རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་ཡུལ་དངོས་བརྟག་དཔྱད་དང་ཞིབ་བཤེར་རྩིས་ལེན་གྱི་ལས་དོན་ཡག་པོར་བསྒྲུབས་ནས། ཡོངས་ཁྱབ་ཞིབ་བཤེར་གྱི་གྲུབ་འབྲས་བདེན་པ་དང་བློས་འགེལ་ཆོག་པ། ཚད་གཞི་ལོན་པ་བཅས་ལ་འགན་ལེན་བྱ་ཆེད། བོད་རང་སྐྱོང་ལྗོངས་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་གིས་མཐོང་ཆེན་བླ་ལྷག་དང་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། འབྲེལ་ཡོད་ཞིབ་བཤེར་རྩིས་ལེན་ལས་དོན་གྱི་ལག་བསྟར་ཇུས་གཞི་པར་འགྲེམས་བྱས་པ་དང་། བོད་རང་སྐྱོང་ལྗོངས་རིམ་པའི་ཞིབ་བཤེར་རྩིས་ལེན་ཚོ་ཆུང5རྩ་འཛུགས་བྱས་ནས།  བོད་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར7དུ་བསྐྱོད་དེ་ཡུལ་དངོས་སུ་བརྟག་དཔྱད་ཞིབ་བཤེར་གྱི་ལས་དོན་ཁྱོན་ཡོངས་ནས་སྤེལ།

            ངོ་སྤྲོད་བྱས་པར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱི་ས་ཁོངས་ཡོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་ཡུལ་དངོས་བརྟག་དཔྱད་དུས་མཚམས་ཀྱི་ཞིབ་བཤེར་རྩིས་ལེན་ལས་དོན་དེ་བོད་རང་སྐྱོང་ལྗོངས་ཀྱིས་རྩིས་ལེན་བདེ་བླག་བྱུང་བ་ལས་གཞིས་རྩེ་གྲོང་ཁྱེར་གྱི་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་མཚོན་ཞིང་། རྗེས་སུ་རིག་དངོས་སྲུང་སྐྱོང་དོ་དམ་བེད་སྤྱོད་དང་དེ་བཞིན་བོད་ལྗོངས་ཡོངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་རྩིས་ལེན་ལས་དོན་ལའང་རྨང་གཞི་གཏིང་ནས་དཔྱད་གཞི་མཁོ་འདོན་བྱས་ཡོད། མིག་སྔར། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར(རྫོང)རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པའི་སྲུང་སྐྱོང་ཁྱབ་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་ས་ཁུལ(“ལམ་ཐིག་གཉིས”)དབྱེ་འབྱེད་ལས་དོན་དངོས་སུ་འགོ་ཚུགས་ཡོད།


ཞིབ་བཤེར་རྩིས་ལེན་ཚོ་ཆུང་ལྔ་པས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཕུ་རོང་རིག་དངོས་ཞིབ་བཤེར་ས་ཚིགས་སུ་ཞིབ་བཤེར་བྱེད་བཞིན་པ།

            མིག་སྔར། བོད་རང་སྐྱོང་ལྗོངས་ཀྱི་ཞིབ་བཤེར་རྩིས་ལེན་ཚོ་ཆུང5ཡིས་ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས3དང་། ལྷོ་ཁ་གྲོང་ཁྱེར་གྱི་རྫོང་དང་ཆུས6དང་། ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་དང་ཆུས4དང་། ནག་ཆུ་གྲོང་ཁྱེར་གྱི་རྫོང་དང་ཆུས7དང་། མངའ་རིས་ས་ཁུལ་གྱི་རྫོང་དང་ཆུས6དང་། ཆབ་མདོ་གྲོང་ཁྱེར་གྱི་རྫོང་དང་ཆུས8བཅས་ཀྱི་ཡུལ་དངོས་བརྟག་དཔྱད་ཞིབ་བཤེར་རྩིས་ལེན་ལས་དོན་ལེགས་འགྲུབ་བྱུང་ནས། ཞིབ་བཤེར་རྩིས་ལེན་བསྡོམས་འབོར་གྱི68%འགྲུབ་ཟིན་པ་དང་། རྗེས་མཐུད་ཞིབ་བཤེར་རྩིས་ལེན་གྱི་ལས་འགན་ལྷག་མ་རྒྱུན་མཐུད་ངང་དམ་འཛིན་གྱིས། ཞིབ་བཤེར་རྩིས་ལེན་གྱི་སྤུས་ཚད་འགག་སྒོ་ནན་པོར་སྲུང་སྟེ། བོད་ལྗོངས་ཡོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་ཡུལ་དངོས་བརྟག་དཔྱད་ཞིབ་བཤེར་རྩིས་ལེན་གྱི་ལས་དོན་ཁག་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་འགྲུབ་བྱེད་པར་འགན་ལེན་བྱས་ནས། བོད་ལྗོངས་ཡོངས་ཀྱི་རིག་དངོས་ཐོན་ཁུངས་ཀྱི་གཞི་རྩ་གསལ་རྟོགས་གིས་དུས་རབས་གསར་པའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་ལས་དོན་ལ་རྨང་གཞི་བརྟན་པོ་འདིང་དགོས།

རྩོམ་སྒྲིག་པ། རིག་གྲོལ།